Friday, February 17, 2023

ཀ་ཕྲེང་ཀུན་བཟང་དགོངས་པ་ཟང་ཐལ་མ།

༈ ཀ་དག་གནས་ལུགས་ཐོས་པས་མི་རྟོགས་ཀྱང་། །ཁ་དོག་ཡོངས་གྲུབ་རང་གདངས་བསམ་པས་གཞིག །ག་ན་ཤར་གྲོལ་དབྱེར་མེད་སྒོམ་པ་དེས། །ང་ཚོ་ཀུན་ཏུ་བཟང་པོར་ཟང་ཐལ་ངང་། །ཅ་ཅོར་འཆད་པའི་ཐ་སྙད་གོ་ཡུལ་དང་། །ཆ་གསེས་རྩོད་པའི་གཏན་ཚིགས་བློ་གཏེར་ལས། །ཇ་ཡུན་རྩོམ་པའི་འགྱུར་ཁུག་རང་རྡོལ་དེས། །ཉ་རྐྱལ་རིགས་བྱེད་རྒྱ་མཚོར་ཟང་ཐལ་ངང་། །ཏ་ཡས་གཞུང་ལུགས་ལྡུམ་བུའི་ཚང་ཚིང་ནས། །ཐ་ཆད་རི་དྭགས་ཀླུང་རྒྱུའི་ཆས་ཀྱིས་ཀྱང་། །ད་གར་གཉུག་མའི་ཐང་ལ་ཡར་སོན་དེས། །ན་ནོ་ཀུན་རྫོབ་ཁྲེགས་ཆོད་ཟང་ཐལ་ངང་། །པ་ཊུས་བསྡུས་པའི་ཐོས་བསམ་རྒྱང་ཤེལ་གྱིས། །ཕ་ཟད་གཞི་དབྱིངས་མཁའ་ལ་ཕར་བལྟས་པས། །བ་རྫིའི་མལ་ནས་དོན་དམ་གཅེར་མཐོང་དེས། །མ་གྲོལ་དོགས་པའི་རྟོག་ཚོགས་ཟང་ཐལ་ངང་། །ཙ་རེ་རྒྱལ་བའི་ཡེ་ཤེས་བླང་བྱ་དང་། །ཚ་ཟེར་དུག་ལྔའི་རྣམ་རྟོག་སྤང་བྱ་སོགས། །ཛ་ཡན་གཉིས་མེད་རིག་པའི་རྣལ་འབྱོར་དེས། །ཝ་ལེར་གཞི་སྣང་ལྷུན་གྲུབ་ཟང་ཐལ་ངང་། །ཞ་འོན་བླུན་སྒོམ་རྟོག་གེའི་གོམ་འགྲོས་སོགས། །ཟ་ཟིས་སྒྲོན་མ་རྣམ་བཞི་མི་སྙོག་པར། །འ་འུར་འཛིན་རྟོག་བྲལ་བའི་རང་བབས་དེས། །ཡ་མཚན་གཞིར་རྫོགས་རང་མདངས་ཟང་ཐལ་ངང་། །ར་རི་རང་སེམས་ངོ་བོ་གདོད་མའི་གཤིས། །ལ་འོང་ངག་ལ་རང་བཞིན་ལྷུནགྲུབ་གདངས། །ཤ་ཕྲག་ལུས་བཀྱེས་ཐུགས་རྗེའི་དཀྱིལ་འཁོར་དེས། །ས་ལམ་ཐོད་རྒལ་སྐད་ཅིག་ཟང་ཐལ་ངང་། །ཧ་རེ་ང་ཚོ་པད་འབྱུང་གདུང་འཚོབ་སྟེ། །ཨ་ཏི་ཟབ་གསལ་གཉིས་མེད་སྒྲུབ་ཁང་ན། །ཧ་ཐོར་བློ་འདས་རྫོགས་པ་ཆེན་པོ་དེས། །ཨ་དོན་གླུ་ཆུང་འཛད་མེད་ཟང་ཐལ་ངང་། །ཞེས་པའང་རིག་འཛིན་སྐར་མས་གང་བྱུང་མང་བྱུང་དུ་སྨྲས་པའོ། །



This piece of work is slightly revised in December 2025 to reflect true inner maturity.

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.