Monday, July 3, 2023

ཚོགས་གླུ་འོད་གསལ་སྣང་བཞིའི་རོལ་མོ།

༈ ཨ་ཧོ༑ ཕྱི་རོལ་གནས་ཡུལ་བྱ་གྲུབ་ཡེ་ཤེས་ཀྱི་འདུ་བར། །ནང་དུ་འདོད་ཡོན་སོར་མཉམ་ཡེ་ཤེས་ཀྱི་མཆོད་སྤྲིན། །གསང་བར་རིགས་བདག་མེ་ལོང་ཡེ་ཤེས་ཀྱི་ཚོགས་དཔོན། །ཆོས་ཉིད་མངོན་སུམ་སྣང་བའི་དཀྱིལ་འཁོར་དུ་ཕེབས་བྱུང་། །སྣང་གྲགས་སྤྲོས་ཆེན་བཀའ་བརྒྱད་ཐབས་མཆོག་གི་བསྐྱེད་རིམ། །བག་ཆགས་སྤྲོས་བྲལ་སྟོང་ཆེན་ཤེས་རབ་ཀྱི་རྫོགས་རིམ། །སྤྱི་འབྱམས་ཐོད་རྒལ་རང་རྩལ་ཟུང་འཇུག་གི་རྗེས་ཐོབ། །ཉམས་སྣང་གོང་དུ་འཕེལ་བའི་ཚོགས་འཁོར་རུ་བཟང་ངོ་། །ལས་སྨོན་མཐུན་པའི་མཆེད་ལྕམ་ཉམ་ཆུང་གི་དབང་པོ། །རང་སྣང་འོད་ཟེར་སྤྲིན་གྱི་སྐྱེད་ཚལ་ལ་ཕུར་ཏེ། །གདན་གསུམ་རིག་འཛིན་སྤྲོ་བའི་མེ་ཏོག་ལ་ཞུགས་དང་། །སྙིང་ཐིག་སྦྲང་རྩིར་རོལ་བའི་དགའ་སྟོན་ཞིག་ཡོད་དོ། །གནས་ཡུལ་གདོད་ནས་དག་པས་འོག་མིན་གྱི་ཞིང་ན། །འདུ་བ་ཡོངས་སུ་སྨིན་པས་ལྷན་སྐྱེས་ཀྱི་ལྷ་ཚོཊ། །ཅིར་སྣང་སྒྲོན་མར་འགྱེད་པས་ཡེ་ཤེས་ཀྱི་བདུད་རྩིས། །རིག་པ་ཚད་ལ་ཕེབས་པའི་སྟོན་ཆེན་འདི་བརྗིད་བྱུང་། །གཞི་དབྱིངས་ཁག་ཁར་མ་འཕྱན་ཁྱབ་གདལ་གྱི་དགོངས་པར། །འཁོར་འདས་བཟང་ངན་མ་འཕྱེ་རོ་གཅིག་གི་ཞིང་ཁམས། །དབྱིངས་ཡེ་ཐ་དད་མ་འབྱེད་རང་བྱུང་གི་སངས་རྒྱས། །ཆོས་ཉིད་ཟད་སར་འཁོད་པའི་སྨོན་ལམ་ཞིག་ཞུའོ། ། ། །ཞེས་པའང་༑ ཨར་འདམ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས། །དྲན་རྫོགས་ཚོགས་འཁོར་ཟད་པའི་ཨང་དར་ཤར། །རྟོག་རྟགས་ན་དའི་བརྙན་དུ་སྦྲོན་པའི་གླུར། །ཨ་གསར་རིག་འཛིན་སྒྱུ་སྐར་དབང་པོས་སོ། ། སརྦ་མངྒ་ལཾ། །