Friday, March 15, 2024

རྣམ་དཀར་ལེགས་ལམ་སྤྱོད་པར་བསྐུལ་བའི་བསླབ་ཕྲེང་སྒྲ་དོན་སྒྱུར་མ།

༈ འཛམ་གླིང་མི་རྣམས་བསམ་པ་ཐ་དད་ཅིང༌། །རང་དོན་ཉག་ཅིག་རྩལ་དུ་འདོན་པས་ན། །གཞན་ལ་མི་མགུ་སྣ་ཚོགས་བྱེད་ཀྱང་སྲིད། །འོན་ཀྱང་རྣམ་ཀུན་བཟོད་བསྲན་སྐྱེད་པར་གྱིས། །གང་ཞིག་བསམ་བཟང་ཁོ་ནར་འབད་ན་ཡང་། །རང་འདོད་ཆེ་ཞིང་བསམ་པ་ངན་ནོ་ཞེས། །མི་རྣམས་འཕྱ་ཞིང་ལོག་པར་སྨྲ་ཡང་སྲིད། །འོན་ཀྱང་བསམ་བཟང་ཁོ་ན་འབད་པར་གྱིས། །རང་གིས་ཅི་བྱས་ལམ་དུ་འགྲོ་བའི་དུས། །དགྲ་ཡིས་གྲོགས་པོ་བཟང་པོར་བརྫུ་བ་དང༌། །གྲོགས་བཟང་ངན་པའི་དགྲ་རུ་སྣང་ཡང་སྲིད །འོན་ཀྱང་ཅི་བྱས་ལམ་དུ་བགྲོད་པར་གྱིས། །གང་ཞིག་བསམ་པ་ཤིན་ཏུ་བཟང་བ་དང༌། །དེ་བཞིན་མི་རྣམས་ཀུན་དང་མཐུན་གྱུར་ན། །འདི་ལ་འགའ་ཞིག་བསླུ་བར་བརྩམ་ཀྱང་སྲིད། །འོན་ཀྱང་རྣམ་ཀུན་བསམ་པ་བཟང་བར་གྱིས། །གང་གིས་ལོ་དང་ཟླ་བར་འབད་པ་ཡིས། །ལེགས་པ་སྒྲུབ་པའི་ལས་དང་དངོས་པོ་རྣམས། །མི་ཡིས་སྐད་ཅིག་ཉིད་ལ་བརླག་ཀྱང་སྲིད། །འོན་ཀྱང་རྣམ་ཀུན་འབད་པས་བརྩོན་པར་གྱིས། །གང་ཞིག་རང་གི་སེམས་ཉིད་ཀློད་གྱུར་ཞིང༌། །སྐྱིད་ཉལ་ངང་དུ་གཅིག་པུར་འདུག་ན་ཡང༌། །མི་རྣམས་མི་དགའ་སྙིང་ནས་སྡང་ཡང་སྲིད། །འོན་ཀྱང་རང་སེམས་སྐྱིད་པུ་བསྡད་པར་གྱིས། །གང་གིས་ད་ནངས་བཟང་པོ་བགྱིས་པ་གང༌། །མི་ཡིས་སང་ཉིན་ཡིད་ལ་མི་དྲན་ཞིང་། །ད་དུང་དྲིན་ལེན་ལོག་པར་འཇལ་ཡང་སྲིད། །འོན་ཀྱང་མི་ལ་བཟང་པོ་བྱ་བར་གྱིས། །གསོག་པའི་ནོར་དང་རྩོལ་བའི་ལས་ཀ་ཡིས། །འཕངས་མེད་མི་ལ་རོགས་པ་བྱས་ན་ཡང་། །མི་ཡི་རེ་མགུ་ནམ་ཡང་འཇོ་མི་སྲིད། །འོན་ཀྱང་རོགས་པ་རྒྱུན་མི་ཆད་པར་གྱིས། །ནམ་ཞིག་དཀར་ནག་དགེ་སྡིག་བཤན་འབྱེད་ཚེ། །ཁྱེད་དང་རྒྱུ་འབྲས་གཉིས་པོ་མ་གཏོགས་པར། །རང་དང་གཞན་གཉིས་བསྡུར་རྒྱུ་མ་མཆིས་པས། །རྣམ་ཀུན་རང་དྲིན་རང་ཆེར་བརྩོན་པར་གྱིས། །ཞེས་པ་འདི་ནི༑ སྐར་མ་རང་ཉིད་མི་ལོ་བཅུ་ཕྲག་གོང་ན་ སྟོན་པ་ཡི་ཤུར་མོས་བཞིན་ མོན་ཡུལ་བཀྲ་ཤིས་གཡང་རྩེར་ ཉུལ་བའི་སྐབས་ཤིག་ན་ ཡུམ་ཏྲེ་རི་སཱའི་བསླབ་བྱ་ དྲཱུ་ཨིཊ་ཨཱེ་ནི་ཝེ་ཞེས་པ་ནས་ སྒྲ་དོན་སྒྱུར་གི་ཐོག་ཏུ་བསྒྱུར་ཅིང་ཞུས་འདུག་པ་ སླར་ཡང་ལེགས་པར་བཅོས་ཏེ་ དྲ་ཐོག་ཏུ་སྤེལ་བ་དགེའོ།།


SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.