Friday, February 14, 2025

མཛའ་གྲོགས་ཀྱི་ཉིན་མོར་བསྐུར་བའི་འཕྲིན་ལན་ཡིད་དགའི་དྲི་བཞོན།

༈ སྐྱབས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མགོན་རྩ་བ་གསུམ་པོ་ཁྱེད་རང་མཁྱེན། །དཔུང་དམ་ཅན་རྒྱ་མཚོས་སྡོང་གྲོགས་མཛོད། །གཉེན་ཆོས་མཐུན་མཛའ་མོ་གླུ་འདིར་གསོན། །དུས་ད་ནངས་ཚེས་པ་བཅུ་བཞི་ལ། །མཛའ་གྲོགས་ཀྱི་ཉིན་མོ་འུར་སྒྲ་ཆེ། །ཁྱེད་གདུང་སེམས་ཀྱི་སྐད་འཕྲིན་བསྐུར་བ་ལ། །ང་དགའ་སྐྱོ་འདྲེས་མའི་ཚོར་སྣང་བྱུང། །ལོ་ན་ནིང་ད་གཟོད་ཡས་མས་ལ། །རིང་འདྲིས་ཀྱི་གྲོགས་རྙིང་རླུང་གིས་ཁྱེར། །རང་གཅིག་པུར་ས་སྟེང་ལྷགས་པ་ལས། །མཛའ་གདུང་གི་བརྩེ་འཕྲིན་འཇལ་ལེན་མེད། །རང་ཆོས་པ་ཡིན་དུ་བརློམ་བརློམ་ཀྱང་། །སེམས་ཆོས་དང་གཏིང་དུ་མ་འདྲིས་པས། །འཁྲུལ་སྣང་གི་གདུང་བ་འགོག་མ་ཐུབ། །ཐ་མལ་གྱི་སྣང་ཞེན་ཧར་གྱིས་ལྡང་། །ལོ་ན་ནིང་ཤིན་ཏུ་ཉེས་པའི་ལོར། །ང་སློབ་དཔོན་དང་པོ་མི་མཇལ་དུ། །ཁོང་ཆགས་ཞེན་འཁྲི་གཅོད་ཀྱི་སློབ་དཔོན་མཇལ། །སྟོང་ཉིད་སྙིང་རྗེ་ཡི་གདམས་ངག་ཐོབ། །ང་སློབ་དཔོན་གཉིས་པ་མི་མཇལ་དུ། །ཞེ་རུས་གཏིང་སྐྱེད་ཀྱི་སློབ་དཔོན་མཇལ། །ཐམས་ཅད་བློས་གཏོང་གི་འབུལ་བ་ཕུལ། །རང་མཚང་རང་བརྟག་གི་གདམས་ངག་ཐོབ། །ང་སློབ་དཔོན་གསུམ་པ་མི་མཇལ་དུ། །མི་རྟག་འཆི་ངེས་ཀྱི་སློབ་དཔོན་མཇལ། །ཞབས་བརྟན་གསོལ་འདེབས་ཀྱི་འབུལ་བ་ཕུལ། །ལོངས་མེད་རྒྱུད་སྐུལ་གྱི་གདམས་ངག་ཐོབ། །སྐྱེས་པའི་ཡུལ་འཁྲུལ་གྱི་སྐྱོ་གདུང་ཅིག །བསླབ་པའི་ཡོན་ཏན་གྱི་ནོངས་སེམས་གཉིས། །ཐམས་ཅད་བསུན་གཙེར་གྱི་ཚོར་བ་གསུམ། །བློ་སེམས་ཆོས་བསྐུལ་གྱི་གྲོགས་སུ་ཤར། །ད་འདི་སྣང་ལིང་གིས་སྐྱུར་ནས་ཀྱང་། །བོད་ཁ་བ་ཅན་གྱི་ས་འཚམས་ན། །དཔལ་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན། །དུས་ད་ལྟ་འགྲོ་འམ་སྙམ་པའི་ཚེ། །སྣང་གྲགས་དྲིན་ཅན་གྱི་བླ་མ་ལ། །རིག་པ་པད་འབྱུང་གིས་དགོངས་བརྟག་ཞུས། །ལར་དབྱེན་ཁྲོད་འགྲིམ་འདོད་ལེགས་ལགས་ཀྱང་། །དུས་ད་རེས་མ་འགྲོ་ཤོལ་དང་གསུངས། །ཡུལ་ཐག་རིང་རྒྱང་གི་ལུང་ཞིག་ན། །ས་འོས་མེད་ཅིག་གི་ཕུགས་ཤིག་ན། །སེམས་གཏིང་ནས་ཆོས་ལ་དཀར་བ་ཡི། །གྲོགས་ལྷ་དང་འདྲ་བ་མཆིས་སོ་སྐད། །རང་ན་ཡོལ་སང་འཆི་གནངས་འཆི་ལ། །གྲོགས་ལྷ་འདྲའི་དགོས་མཁོ་མ་མཆིས་ཀྱང་། །ཆོས་མཐུན་གྱི་གྲོགས་སུ་གྱུར་ལགས་ན། །བཤོལ་ཀྱང་འགལ་བ་ཅི་ཡོང་སྙམ། །ཨར་འདམ་བྲག་རོང་གི་རི་ཁྲོད་དུ། །བླ་མའི་རྣལ་འབྱོར་ལ་འབད་པའི་ཚེ། །ཁྱེད་མཛངས་མ་བཛྲ་ཏཱ་རེ་མས། །ཤ་ཚ་བའི་ཉམས་ཚད་སློང་དུ་བྱུང་། །ཁྱོད་ལྟ་ན་གཟུགས་བྱད་མཛེས་པ་དེས། །སྙིང་སྡུག་གི་ཕུལ་དུ་ཕྱིན་པ་འདྲ། །ཁྱོད་བློ་སེམས་ཆོས་ལ་དཀར་བ་དེས། །ཡེ་ཤེས་ཀྱི་མཁའ་འགྲོ་ཅི་མི་འདྲ། །ཁྱོད་དང་པོ་མཐོང་བས་སྐལ་བ་ལྡན། །གཉིས་པ་མཛའ་བས་བསོད་ནམས་ཆེ། །གསུམ་པ་བསུན་མེད་ཀྱི་དམ་བཅའ་བརྟན། །ཚེ་འདི་ཕྱི་གཏན་གྱི་གྲོགས་སུ་བཟང༌། །ལར་ཐམས་ཅད་བསམ་ཞིང་གཞིག་པ་ན། །ལོ་ན་ནིང་མི་ཉེས་ན་ནིང་ལེགས། །ལོ་ན་ནིང་ཆོས་ལ་བསྐུལ་བའི་ལོ། །རྐྱེན་གྲོགས་སུ་ཤར་བའི་ལོ་རུ་བཟང་། །ལོ་དུས་ཅི་མི་ཉེས་དུས་ཅིག་ལེགས། །ལོ་དུས་ཅིག་ཁྱོད་དང་མཛའ་བའི་ལོ། །བརྩེ་གདུང་གི་རོལ་རྩེད་རྒྱས་པའི་ལོ། །བདག་གཞན་གཉིས་སྨན་གྱི་ལོ་རུ་བཟང་། །ལོ་སང་ཕོད་མི་ཉེས་སང་ཕོད་ལེགས། །ལོ་སང་ཕོད་ཚེ་རིང་ནད་མེད་ལོ། །མཐུན་རྐྱེན་ཕུན་སུམ་ཚོགས་པའི་ལོ། །བསྟན་འགྲོར་སྨན་པའི་ལོ་རུ་བཟང༌། །ད་ངེད་ཅག་མཆོག་གསུམ་འཛིན་པའི་ས། །རྩ་གསུམ་དངོས་གྲུབ་སྩོལ་བའི་ཞིང་། །ཚེ་རིང་ནད་མེད་ཀྱི་ལྗོན་ཤིང་ལ། །འདོད་རྒུ་ཡི་འབྲས་བཟང་སྨིན་པར་ཤོག །སྤྱིར་མཛའ་མཐུན་ཡོངས་ལ་བཀྲ་ཤིས་ཤོག །སྒོས་རང་ཅག་གཉིས་ལ་བཀྲ་ཤིས་ཤོག །སྤྱིར་བསྟན་འགྲོ་ཡོངས་ལ་བཀྲ་ཤིས་ཤོག །སྒོས་འབྲེལ་ཚད་ཀུན་ལ་བཀྲ་ཤིས་ཤོག ། ། །ཅེས་པའང་ཕྱི་ལོ་༢༠༢༥ འི་མཛའ་གྲོགས་ཀྱི་ཉིན་མོཪ་ མཛངས་མ་བཛྲ་ཏཱ་རེའི་ཞུས་ལན་དུ་ ཨར་འདམ་བྲག་རོང་གི་རི་ཁྲོད་ རང་སྣང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས་ རིག་འཛིན་སྐར་མས་ཕུལ་བ་དགེའོ། ། སརྦ་མངྒལཾ། །

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.