Saturday, April 5, 2025

གདུང་འབོད་གསོལ་འདེབས་སྣང་སྲིད་གཞིར་བཞེངས་ཀྱི་གོ་ཡུལ།

༄༅། །ཀྱེ་ཧོ༑ ངོ་བོ་ཀ་ནས་དག་པ་ཀུན་ཁྱབ་ཀྱི་དབྱིངས་སུ། །རང་བཞིན་ལྷུན་གྱིས་གྲུབ་པ་ཉིན་བྱེད་ཀྱི་འཁོར་ལོ། །ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་འོད་ཟེར་གྱི་སྒྱུ་འཕྲུལ། །སྐུ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །དུས་གསུམ་སངས་རྒྱས་ངོ་བོ་དབྱེར་མེད་ཀྱི་བླ་མ། །ཟབ་གཏེར་ཆིག་རྫོགས་རང་བཞིན་འཁྲུལ་མེད་ཀྱི་ཡི་དམ། །དགེ་འདུན་འབུམ་ཚོགས་ཐུགས་རྗེ་འཁོན་མེད་ཀྱི་མཁའ་འགྲོ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །སྣང་སྲིད་སྙིང་པོའི་སྐུ་དང་ཕྱག་མཚན་གྱི་ཐུགས་རྗེ། །གྲགས་ཚད་འོད་ལྔའི་བུམ་དང་གསུང་དབྱངས་ཀྱི་རང་བཞིན། །རིག་ཚད་ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ། །གསང་གསུམ་གཅིག་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །དངོས་མཚན་མ་གྲུབ་སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན། །ཕྲ་རྡུལ་རིག་པའི་བློ་འདས་ཀུན་ཁྱབ་ཀྱི་རོལ་པ། །ཟང་ཐལ་ཅེ་རེར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་མངའ། །ཀུན་མཁྱེན་རྒྱལ་པོ་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །གཟུང་འཛིན་སྔོ་སངས་མཛེས་མའི་སྟོད་གཡོག་གི་སྤྲིན་དཀར། །གཞི་གནས་ཡེ་ཤེས་ཉི་མའི་རྣམ་འགྱུར་གྱིས་གཡབ་པས། །སྟོང་ཉིད་སྙིང་རྗེའི་རང་མདངས་འཇའ་མཚོན་དུ་བཀྲ་བ། །རྟག་ཆད་མཐའ་བྲལ་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །ལྷ་དང་དད་ལྡན་ཚོགས་ཀྱིས་འབད་མེད་དུ་བསྒྲུབ་ཅིང། །བདུད་དང་མུ་སྟེགས་རིགས་ཀྱིས་འབད་རྩོལ་གྱིས་འགོག་ཀྱང་། །དངོས་ཁམས་རིག་དཔྱད་ལམ་ནའང་མངོན་གསལ་དུ་དོད་པ། །ཡོད་མེད་མཐའ་བྲལ་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །གང་གིས་མོས་པ་དེ་ཡི་མགོ་སྙལ་ན་བཞུགས་ཏེ། །བྱིན་རླབས་དངོས་གྲུབ་འདོད་རྒུའི་གྲུ་ཆར་དུ་བསིལ་ཞིང་། །ལམ་གོལ་རྣམས་ལའང་བྱམས་བརྩེའི་འོད་ཟེར་གྱིས་འགེབས་པ། །འགྲོ་དོན་འཛད་མེད་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །མཁྱེན་པའི་བློ་ལ་བསྐྱེད་པ་རང་ཤར་གྱི་ལྷ་ཚོགས། །བྱམས་པའི་སྙིང་ལ་རྫོགས་པ་ཆོས་ཟད་ཀྱི་ཉམས་ལེན། །ནུས་པའི་རིག་པར་ཟུང་འཇུག་རྗེས་ཐོབ་ཀྱི་སངས་རྒྱས། །རིགས་གསུམ་དབྱེར་མེད་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །འཁོར་བའི་སྡུག་བསྔལ་སེལ་བར་བྱང་སེམས་ཀྱི་དེད་དཔོན། །མྱང་འདས་བདེ་ལ་སྒྲོལ་བར་ཕྱིན་བཅུ་ཡི་གྲུ་རྫིངས། །སྲིད་ཞིའི་མཐའ་བྲལ་ཕུན་ཚོགས་ལྔ་ལྡན་གྱི་མགོན་པོ། །དཀོན་མཆོག་གཅིག་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །སྐྱེས་མེད་རྣམ་དག་འོག་མིན་ཆོས་དབྱིངས་ཀྱི་ཞིང་ན། །འགགས་མེད་ལྷུན་གྲུབ་ངེས་པ་ལྔ་ལྡན་དུ་བཞུགས་ཏེ། །གནས་མེད་གང་འདུལ་སྒྱུ་འཕྲུལ་སྣ་ཚོགས་སུ་ཤར་བ། །རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །རང་བྱུང་ཡེ་ཤེས་ལྷུན་འབྱམས་ཁྱབ་གདལ་གྱི་ཀློང་ན། །སྐྱེས་འགགས་གནས་བྲལ་ཐིག་ལེ་ཉག་ཅིག་གི་རིག་གདངས། །འཕོ་འགྱུར་བགྲེས་རྒུད་ཀུན་ཟད་བྱང་ཆུབ་ཀྱི་སེམས་ཉིད། །རྣམ་ཀུན་མཆོག་ལྡན་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །ཕྱི་ཡི་པད་འབྱུང་ཐུགས་རྗེ་སྤྱན་རས་ནི་གཟིགས་ཤིག །ནང་གི་པད་འབྱུང་བྱིན་རླབས་དངོས་གྲུབ་ནི་སྩོལ་ཅིག །གསང་བའི་པད་འབྱུང་དབྱེར་མེད་རོ་གཅིག་ནི་དགོངས་ཤིག །དོན་གྱི་པད་འབྱུང་མཚོ་སྐྱེས་རྡོ་རྗེ་རང་མཁྱེན་ནོ། །སྐྱེས་འགྲོའི་བདེ་སྡུག་མི་བརྟན་ངེས་མེད་དུ་བརྗེ་ཞིང་། །འབྱུང་ཁམས་འཕོ་འགྱུར་མི་བརྟན་སྐར་མདའ་ལས་མགྱོགས་པ། །ཡུལ་གྲོགས་ནོར་དབང་མི་བརྟན་ཛ་དྲག་གི་དུས་འདིར། །གཅིག་ཆོག་རྒྱལ་པོ་མཚོ་སྐྱེས་རྡོ་རྗེ་རང་མཁྱེན་ནོ། །སྐྱབས་མེད་འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་སྐྱབས་མཆོག །མགོན་མེད་བོད་ཀྱི་རྗེས་འབངས་ཐམས་ཅད་ཀྱི་མགོན་མཆོག །སྐལ་ལྡན་ལམ་གྱི་རིག་འཛིན་བདག་སོགས་ཀྱི་སྟོན་མཆོག །ཁྱེད་རང་མཁྱེན་ནོ་སྐྱིད་སྡུག་ཐམས་ཅད་རང་གཟིགས་ཤིག །རྣམ་ཀུན་མགོ་སྙལ་བཞུགས་པའི་ཞལ་བཞེས་དེ་དྲན་ནས། །དད་མོས་ཟོལ་ཟོག་མེད་པའི་གསོལ་བ་ཞིག་འདེབས་ལ། །ད་རེས་ཉིད་ནས་གདུང་འབོད་སྨྲེ་ངག་ཏུ་དགོངས་ཏེ། །ད་ལྟ་ཉིད་དུ་ཐུགས་རྗེ་ཆུང་མེད་ཅིག་གཟིགས་ཤིག །བདག་སོགས་ཇི་སྲིད་སྒྱུ་མའི་ལུས་དཀྱིལ་གྱིས་ཐུབ་པ། །དེ་སྲིད་བསྟན་འགྲོར་སྨན་པའི་ཆོ་ག་ལ་བརྩོན་ཏེ། །ནམ་ཞིག་པདྨ་འོད་དུ་མ་འཆས་ཀྱི་རིང་འདིར། །དལ་རྟེན་གསོ་རིན་ཆོག་པའི་སྐྱབས་འཇུག་ཅིག་ཞུའོ། ། ། །ཞེས་པའང་ མཚོ་སྐྱེས་རྡོ་རྗེ་དང་རྩ་བའི་བླ་མ་ལ་གདུང་བས་འབོད་ཅིང་ འདིར་སྣང་གཟུང་འཛིན་གྱི་སྐྱིད་སྡུག་ཐམས་ཅད་ སྐུ་བཞིའི་གོ་ཡུལ་དུ་བཏུད་དེ་གསོལ་བ་འདེབས་པ་འདི་ཡང་ རིག་འཛིན་རྒྱུ་སྐར་གྱི་དབང་པོས་བཀོད་པ་དགེ་ལེགས་སུ་གྱུར་ཅིག ། ། །

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.