Tuesday, June 3, 2025

སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེའི་ཞབས་བརྟན་བཞུགས།

༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷི་ཀཱ་ལཱི་ཡེ༔ ངོ་བོ་རྣམ་གྲོལ་གཞི་ཡི་དཀྱིལ་འཁོར་དུ། །གཞོམ་མེད་བླ་མ་འདུས་པ་རྒྱ་མཚོའི་སྐུ། །གང་འདུལ་སྒྱུ་འཕྲུལ་འགགས་པ་མེད་པའི་དཔྱིད། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །རང་བཞིན་སྣང་བ་ལམ་གྱི་དཀྱིལ་འཁོར་དུ། །འཁྲུལ་མེད་བླ་མ་ཟབ་གཏེར་བདུད་རྩིའི་གསུང་། །ངེས་གསང་འཛད་མེད་བདུད་འཇོམས་རྡོ་རྗེའི་གདངས། །གསུང་སྤྲུལ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །ཐུགས་རྗེ་རང་གྲོལ་བྱར་མེད་དཀྱིལ་འཁོར་དུ། །སྒྲིབ་མེད་བླ་མ་སངས་རྒྱས་ཀུན་གྱི་ཐུགས། །རང་བྱུང་དབྱིངས་དང་ཡེ་ཤེས་ཟང་ཐལ་ཀློང་། །ཐུགས་སྤྲུལ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །ཡུམ་གཅིག་ཀྲོ་དྷི་ཀཱ་ལཱིའི་དཀྱིལ་འཁོར་དུ། །དབྱེར་མེད་བླ་མ་སྐུ་གསུམ་མཁའ་འགྲོའི་རྩལ། །གསང་ཆེན་ཉེ་ལམ་ཀུན་འགྲོར་སྣང་བའི་མཛོད། །ཡང་སྤྲུལ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བདེན་པ་དང་། །རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་བརླབ་དང་། །མ་གཅིག་ཁྲོས་མ་ནག་མོའི་མཐུ་སྟོབས་ཀྱིས། །མགོན་ཁྱོད་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག །ཨོཾ་བཛྲ་ཀྲོ་དྷི་ཀཱ་ལཱི་བྃ་ཧ་རི་ནི་ས་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའང་ལྷོ་མོན་ཤིང་ལོའི་ཚལ་གྱི་དབུས། །སུམ་རྩེན་ཉལ་འགྲོར་འཁྱུད་པའི་སྣང་བརྙན་བཞིན། །འདོད་མགུ་རང་བྱུང་དཔག་བསམ་འཁྲུངས་པའི་འགྲམ། །སྐལ་ལྡན་ཁྲོས་མ་ཉམས་ལེན་འདུས་ས་ལས། །མཁའ་འགྲོ་བཛྲ་ཏཱ་རས་བསྐུལ་བའི་ངོར། །ནུབ་གླིང་ཨར་འདམ་བྲག་རོང་རི་ཁྲོད་ཀྱི། །གསང་ཕུག་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས། །རིག་འཛིན་དྲ་རྒྱའི་མཁར་ལྡིང་དབང་པོས་བྲིས། ། ། །སརྦ་མངྒ་ལཾ། །

དྲན་གསོ༑ གོང་གི་ཞབས་བརྟན་གསོལ་འདེབས་དེ་ནི་ དད་ལྡན་བཛྲ་ཏཱ་རས་ཇི་ལྟར་མོས་པ་བཞིན་དུ་ རྫོགས་ཆེན་སྙན་ངག་པར་བརློམས་པའི་ཅོལ་ཆུང་གིས་ སྐུ་བཞིའི་སྡོང་པོ་ལ་ཚིག་སྦྱོར་གྱི་ལོ་མ་མེ་ཏོག་འབྲས་བུ་ ཅི་འབྱོར་གུ་ཡངས་སུ་བཀྲམ་སྟེ་བྲིས་ཀྱང་ རང་ཉིད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལྟ་བ་ལས་ མ་གཡོས་པའི་བསམ་ཚུལ་ཁོ་ནར་ གཅེས་འཛིན་དོ་སྣང་ཡོད་པར་མཁྱཻན།

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.