Monday, July 7, 2025

དམ་ཅན་གསོལ་བསྡུས་ཨ་ཕྲེང་རྩོལ་མེད་ཐོལ་བྱུང་བཞུགས།

༄༅། ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༑ ཨ་ཏི་ཡང་རྩེ་ཐེག་པའི་གཞུང་ལུགས་ཀྱི། །ཨ་དོན་སྐྱེས་མེད་སྒོམ་པའི་རིག་འཛིན་ལ། །ཧ་ཕྱད་འགྲོས་ཀྱིས་འཕྲིན་ལས་སྒྲུབ་པ་པོ། །ཧ་དགོད་རྔམས་པའི་དམ་ཅན་འདིར་གཤེགས་ཤིག །ས་བརྟོལ་ཀུན་བཟང་དགོངས་པའི་དོ་ཤལ་ལ། །ཤ་ཞེན་སྙིང་གིས་གཅེས་སྐྱོང་འཛིན་སྤེལ་སླད། །ལ་ལར་ཙམ་མིན་གདུང་བས་འབོད་ལགས་ན། །ར་མདར་འབྲལ་མེད་ཉུལ་བའི་དམ་ལ་དགོངས། །ཡ་ལད་གོ་ཆ་བཙན་རྨོག་མདའ་མདུང་སོགས། །འ་ཅི་ཀུན་བཟང་མཆོད་པའི་སྤྲིན་ཚོགས་སུ། །ཟ་ཟིས་འབག་མིན་སྨན་རཀ་བདུད་རྩི་བཅས། །ཞ་ལུར་ཡིད་སྤྲུལ་དངོས་སུ་བཤམས་པས་མཆོད། །ཝ་ར་དྲོན་མོས་དངུལ་གྱི་ཅན་ནེ་བཀང། །ཛ་གད་གྲང་མོས་གསེར་གྱི་ཕུད་ཀོང་འཕྱུར། །ཚ་གསུར་དཀར་མངར་དྲི་མཆོག་གཏུལ་བ་སོགས། །ཙ་རེར་དམ་ཅན་འཁོར་དང་བཅས་ལ་འབུལ། །མ་འཁྱོག་རྡོ་རྗེའི་དམ་ཚིག་འཛིན་པ་ལ། །བ་གམ་རྒྱ་ཕིབས་འགན་འདེགས་སྲུང་མའི་གཙོ། །ཕ་རོལ་བསྟན་པའི་རུ་ཏྲ་གཞོམ་པ་ལ། །པ་ཕའི་བྱར་མེལ་མཛད་པའི་དཔའ་བོར་བསྟོད། །ན་བཟར་བེར་རྨོག་ཕྱག་མཚན་རྡོར་སྙིང་དང་། །ད་དགྲར་ཁྲོ་གཏུམ་གཉེན་ལ་འཛུམ་དམུལ་གྱིས། །ཐ་གྲུ་འཛམ་གླིང་ཉུལ་བའི་གློག་ཤུགས་ཅན། །ཏ་ཡས་རིག་འཛིན་བསྙེན་པའི་དགྲ་ལྷར་བསྟོད། །ཉ་གས་རྣལ་འབྱོར་དམ་ཚིག་མི་འཇལ་དུ། །ཇ་ཐུན་གཡེལ་མེད་སྲུང་སྐྱོབ་ཁྱེད་ཀྱིས་མཛོད། །ཆ་རྐྱེན་ཆོས་སྤྱོད་བདག་གིས་མི་གཡེལ་རྒྱུ། །ཅ་ཟིང་འདུ་འཛི་སྤོང་བས་ཐུགས་དམ་བསྐང། །ང་ཡུས་འཁང་མེད་དམ་བཅས་འཁོར་བཅས་ཀྱིས། །ག་ཐག་རིག་འཛིན་བདག་གིས་བརྣག་པའི་དོན། །ཁ་ཁར་མྱུར་དུ་སྒྲུབ་པའི་གྲོགས་དན་བཅས། །ཀ་ཁྲེགས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །ཨོ་ཀློང་དོན་དམ་སྤྲོས་མཚན་མི་མངའ་ཡང་། །ཨེ་སྣང་ཀུན་རྫོབ་འགག་མེད་རྟེན་འབྲེལ་ངང་། །ཨུ་ཐུག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་ཀུན། །ཨི་ཐི་སྙིང་པོའི་དབྱིངས་སུ་བཟོད་འཚལ་ལོ། ། མུ་འཐུད༑ རྒྱལ་བསྟན་གང་དུ་དར་བའི་ཡུལ་ཀུན་དང་། །ལྷག་པར་དེ་འཛིན་གཞི་བྱས་ལམ་འཕྲང་དུ། །མི་མཐུན་རྐྱེན་གྱི་མིང་ཡང་མི་གྲགས་ཤིང་། །རྣམ་ཀུན་དགེ་ལེགས་དཔལ་གྱིས་འབྱོར་པར་མཛོད། །འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་སེལ། །གངས་ལྗོངས་ཁུལ་དུ་ཞི་བདེའི་གཏན་རྩ་འཛུགས། །བཤད་སྒྲུབ་དགོན་གནས་མི་ཉམས་གོང་དུ་སྤེལ། །རྫོགས་ལྡན་སྣང་བ་དམ་པས་ཁྱབ་པར་མཛོད། །ཆོས་འཁོར་གཉེན་པོ་ནོར་དང་སྲིད་ཀྱི་སླད། །འཁྲུལ་འཁོར་སྒྲ་ཚུལ་བསམ་ཡུལ་འདས་པའི་ཇུས། །ཁེ་དབང་ཐོབ་ཐང་བཙན་ཤུགས་ཀྱིས་འཕྲོག་པའི། །དབང་ཆེན་མི་ཡི་སྙིང་ཁྲག་ཞལ་དུ་གསོལ། །རང་དོན་སྤྱོད་པའི་ལུང་ཙམ་མ་ནོས་པར། །གཞན་དོན་འཁུར་བའི་རྣམ་འགྱུར་ལང་ལོང་གིས། །མཐའ་གྲོལ་རྡོ་རྗེའི་དབང་དམ་ལ་འགོངས་པའི། །ནག་ཉེས་ཆོས་གཟུགས་ཅན་རྣམས་རྡུལ་དུ་རློགས། །བདག་ཀྱང་གལ་ཏེ་ལས་ཀྱི་རྣམ་སྨིན་དང། །ཡང་ན་བསྟན་འགྲོའི་རྒུད་པ་གསོ་བའི་ཕྱིར། །བཙན་པོས་གཉའ་གནོན་གདུག་པོས་འགོལ་འགྱུར་ན། །དམ་ཅན་ཁྱེད་ཀྱིས་གཡེལ་མེད་རམས་འདེག་མཛོད། །དེ་མིན་ཐོས་བསམ་སྤྱོད་པས་དུས་འདའ་ཞིང། །སྒོམ་བསྲན་ལྟ་བས་སྒྲུབ་པའི་རྒྱལ་མཚན་སྒྲེང། །ཉམས་རྟོགས་དར་གྱི་ཤམ་བུས་ལེགས་གཡོགས་ཏེ། །དལ་རྟེན་དཔག་བསམ་གསོ་བའི་སྡོང་གྲོགས་མཛོད། །རྫོགས་ཆེན་བཤད་པའི་བཀའ་བབ་ཡུན་དུ་བརྟན། །སྒྲུབ་པའི་རིག་འཛིན་ས་ལམ་གོལ་མེད་བགྲོད། །བསྟན་པའི་སྦྱིན་བདག་མངའ་ཐང་གོང་དུ་འཕེལ། །གསང་སྔགས་བསྟན་པ་དར་རྒྱས་ཡུན་གནས་མཛོད། །སྤྱིར་ན་རྣམ་གསུམ་སྡེ་སྣོད་འཛིན་པ་དང་། །བསླབ་གསུམ་རྣམ་གྲོལ་རྟོགས་པའི་སྐྱེས་ཆེན་དང་། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་སྔགས་འཆང་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་མཛོད། །སྒོས་སུ་པདྨ་ཀ་རའི་གདུང་འཚོབ་དང་། །བསྟན་འགྲོར་སྨན་པའི་སྐྱེས་ཆེན་དམ་པ་ཀུན། །ཚེ་རིང་ནད་མེད་འདོད་དོན་ལྷུན་འགྲུབ་ཏེ། །འཕྲིན་ལས་རྣམ་བཞིས་ཕྱོགས་མཐར་ཁྱབ་པ་མཛོད། །ཡང་སྒོས་རིག་འཛིན་བདག་སོགས་འཁོར་བཅས་ཀྱི། །གནས་ཡུལ་གཞིས་གསུམ་ཆོས་ནོར་གཏེར་གསུམ་སྲུང་། །སྲི་གདོན་ནད་ཟོར་རྒྱལ་པོའི་ཆད་པ་ཟློག །བཀྲ་ཤིས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། ། ། །ཅེས་པའི་ཨ་ཕྲེང་འདི་ནི༐ ཞོགས་ཐུན་ཅིག་ལ་ དར་ཅིག་ཤེས་ཚོར་གྱི་སྣང་བ་འགགས་ནས་ལུས་རྗེས་སྦྱར་ཟིན་འདུག་པ་དང་ འཕྲོ་འཐུད་འདོད་གསོལ་ཞིག་ཀྱང་ རང་གི་གསོལ་བསྡུས་རིག་འཛིན་ལག་ལེན་ནས་ཕྱུངས་ཏེ་ རང་ཉིད་ཁོ་ནའི་ལག་ལེན་གྱི་ཆེད་དུ་སྡེབ་པ་འདི་ཡང་། རིག་འཛིན་རྒྱུ་སྐར་གྱི་དབང་པོའི་ མཚོ་བྱུང་འཛུམ་པའི་རྒྱུད་མངས་ཀྱི་རང་གདངས་ལས་སོ། ། སརྦ་མངྒ་ལཾ། །

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.