Thursday, July 18, 2024

ཞབས་བརྟན་མོས་གུས་གདུང་དབྱངས་ཀྱི་མཆོད་སྤྲིན།

༄༅། །ན་མོ་གུ་རུ༑ ཀ་དག་ཡེ་ཤེས་ལྷུན་གྲུབ་དྭངས་མའི་སྦུབས། །ཆ་སྙོམས་སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། །ད་གཟོད་ཆོས་ཉིད་ཡེ་གྲོལ་ཐིག་ལེའི་རྩལ། །མ་སྒྲིབ་ཀུན་ཁྱབ་རིན་ཆེན་ཞབས་བརྟན་གསོལ། །ཙ་རེར་ཉག་ཅིག་དྲི་མེད་ཟང་ཐལ་གཞི། །ཟ་འོག་གཏིང་གསལ་ལྷུན་གྲུབ་འོད་ཟེར་དབྱིངས། །ཤ་སྟག་རབ་འབྱམས་ཀུན་འདུས་ཛྙཱ་ནའི་གདངས། །ཨ་དོན་གུ་རུ་རཏྣ་ཞབས་བརྟན་གསོལ། །ཨི་ནུས་ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་ཕྱིར། །ཨུ་ནན་རང་བཞིན་གང་འདུལ་མཛད་འཕྲིན་གྱི། །ཨེ་ཝཾ་ངོ་བོ་འབྲེལ་ཚད་དོན་ལྡན་སྐུ། །ཨོ་རྒྱན་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པ་དང་། །ཆོས་ཅན་ཆོས་ཉིད་བསླུ་མེད་རྟེན་འབྲེལ་དང་། །གང་གི་ཐུགས་བསྐྱེད་བླ་ན་མེད་པའི་མཐུས། །མགོན་ཁྱོད་སྐུ་ཚེ་སྐལ་བརྒྱར་བརྟན་གྱུར་ཅིག །ནམ་ཞིག་མགོན་ཁྱོད་མངོན་དགར་ཕེབས་པའི་ཚེ། །རྨུགས་རྒོད་བདག་འདྲ་ཡལ་བར་མི་དོར་བར། །མཁྱེན་བརྩེ་ནུས་པའི་ཐུགས་རྗེའི་དཔྱང་ཐག་གིས། །སྐུ་ཡི་གྲིབ་བཞིན་འཁྲིད་པར་མཁྱེན་མཁྱེན་ནོ། །ཞེས་པའང་༑ བཀའ་དྲིན་གསུམ་ལྡན་གྱི་བདག་ཉིད་ཅན། །སྐུ་བཞི་རང་རྫོགས་ཀྱི་སློབ་དཔོན་ཆེ། །ཡེ་ཤེས་རིན་ཆེན་གྱི་མཚན་ཅན་ལ། །གསོལ་འདེབས་གདུང་དབྱངས་ཀྱི་མཆོད་སྤྲིན་འདི། །ཨར་འདམ་བྲག་རོང་གི་རི་ཁྲོད་ནས། །གུས་འབངས་རྒྱུ་སྐར་གྱི་དབང་པོ་ཡིས། །ལྷག་བསམ་ཀུན་བླངས་ཀྱི་དང་བས་ཕུལ། །རྣམ་དཀར་དོན་ལྡན་དུ་འགྱུར་བར་ཤོག ། ། ། སརྦ་མངྒ་ལཾ། །


དྲན་ཐོ༑ གསོལ་འདེབས་འདི་ནི་སློབ་དཔོན་རིན་པོ་ཆེ་ཞིང་དུ་མ་གཤེགས་པའི་ཟླ་བ་གཅིག་གི་གོང་དུ། རང་ཉིད་འཆི་བདག་རང་གྲོལ་གྱི་རི་ཁྲོད་དུ་སྒོམ་དུ་སོང་བའི་ཚེ། ཞབས་བརྟན་གསོལ་འདེབས་སུ་བཀོད་པ་ལས། སླར་སློབ་དཔོན་རིན་པོ་ཆེ་གསོལ་མ་ཐེབ་པར་འདས་པའི་རྗེས་སུ། མོས་གདུང་གི་གསོལ་འདེབས་སུ་བསྒྱུར་བ་ལགས་སོ། །
SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.