Monday, November 18, 2024

སྒྲོལ་མའི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ།

༄༅། ། ༀཿ རྗེ་བརྩུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཕྱག་འཚལ་སྒྲོལ་མ་ཉི་ཤུ་རྩ་གཅིག་མ། ། འགྲོ་དོན་ཕྱག་མཚན་རྣམ་འགྱུར་འབུམ་ལྡན་མ། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་མ། །མ་གྱུར་འགྲོ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ ཞེས་བརྒྱའམ་སྟོང་བཟླས་མཐར། རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །སྐྱིད་སྡུག་བཟང་ངན་འབྲིང་གསུམ་གཟིགས་སུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །བསམ་དོན་མ་ལུས་སྒྲུབ་པར་མཛད་དུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །མཆོག་དང་ཐུན་མོང་དངོས་གྲུབ་བརྩལ་དུ་གསོལ། །
ཞེས་ལན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་མཐར། ༈ དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོམ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པར། །དེ་ཡི་ས་ལ་འགོད་པར་ཤོག །མ་གཅིག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དོན་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་པའང་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས་སོ། །

Updated on May 5th, 2026

ཡང་ན༑ ༀ༔ རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་མ། །མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་གཏེར་རྣམ་རྒྱལ་རིག་བྱེད་མ་དང་འཇིགས་བྱེད་མ། །གཞན་ཀྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ། །བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམ་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ། །དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེའོ་རྗེ་བཙུན་མ། ། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭ་ཧཱ། སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས་། །ཞི་མཛད་ཟླ་བའི་འོད་ལྟར་བསིལ་བའི་སྐུ། །རྗེ་བཙུན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། ། ཅེས་པའི་རྒྱ་གར་གྱི་པཎྚི་ཏ་རྣམས་ཀྱི་ཐུགས་དམ་རྒྱུན་ཁྱེར་གྱི་གསོལ་འདེབས་བྱིན་རླབས་མྱུར་མགྱོགས་མ་འདི་ནི་བསྟན་འགྱུར་ནས་ཁོལ་དུ་བྱུང་པས་བྱིན་རླབས་མྱུར་བར་གྲགས་སོ། །