Thursday, October 31, 2024

མཚོ་བྱུང་འཛུམ་པའི་རྒྱུད་མངས་ལས་གྲུབ་དབང་སངས་རྡོར་ཕུལ་བའི་ཞུ་འཕྲིན།

༄༅། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །གཞི་གདོད་མའི་མགོན་པོའི་ངོ་བོ་ཉིད། །སེམས་ཆོས་སྐུར་སྟོན་པའི་ངོ་མཚར་ཅན། །སློབ་བུདྷ་བཛྲའི་ཞབས་དྲུང་དུ། །ངེད་ལག་སོར་པདྨོའི་འདབ་བརྒྱ་རྣམས། །ཁྱེད་བསིལ་བྱེད་འོད་ཀྱིས་བསུས་པ་ལས། །དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ན། །ཟུང་ཕྱག་རྒྱར་གཤིབ་པའི་ཕྱག་བཅས་གསོལ། །དེང་སྲིད་དང་ཞི་བའི་ཆོས་ཐམས་ཅད། །ཁྱེད་སྒྱུ་མ་ལྟ་བུར་གཟིགས་གཟིགས་ནས། །ཉམས་རྟོགས་པ་ཚད་དུ་ཕྱིན་ན་ཡང་། །ཉམས་ཆུང་གི་མཛད་པ་སྐྱོང་འདི་མཚར། །ལར་མཚན་བཅས་འཇིག་རྟེན་ལྟད་མོ་རྣམས། །དཔལ་ཀུན་བཟང་དགོངས་པར་ཟད་ཟད་ནས། །བདེན་མིན་ལ་བདེན་དུ་འཆའ་བ་དེ། །ཁྱེད་ཡ་མཚན་གྱི་སྤྱོད་པ་སྐྱོང་མིན་ནམ། །མཚན་མེད་ཤེས་རབ་ཀྱི་འོད་གསལ་འདི། །སྒོམ་མེད་ཆུ་རྒྱུན་དུ་བསྐྱངས་བསྐྱངས་ནས། །ཚེ་གཅིག་སངས་རྒྱས་གྲུབ་པ་དེ། །ཁྱེད་སྒོམ་པ་ཚད་དུ་ཕྱིན་མིན་ནམ། །ཐུགས་བྱང་ཆུབ་སེམས་ཀྱི་ངོ་བོ་འདི། །རྟོག་མེད་ཡེ་ཤེས་ཀྱིས་རྒྱས་ཐེབས་ནས། །དྲན་རིག་ཆོས་སྐུར་ཟད་པ་དེ། །ཁྱེད་ལྟ་བ་ཁྱད་དུ་འཕགས་མིན་ནམ། །ཁྱེད་རང་དོན་ཆོས་སྐུར་གྲུབ་ཟིན་ཀྱང། །གཞན་དོན་གཟུགས་སྐུར་བཞུགས་པ་ནི། །རྨོངས་དད་སྒྲོག་གིས་བཀུར་ཡུལ་དང་། །རྟོག་གེ་བའི་དགག་བྱ་ག་ལ་ཡིན། །ལར་སྐུ་ཉིད་སྒྱུ་མའི་གྲོང་ཁྱེར་འདིར། །བསྟན་འགྲོ་ཡི་སླད་དུ་འཚོ་གཞེས་ཏེ། །རླབས་ཆེན་གྱི་མཛད་འཕྲིན་རྒྱས་པ་ལ། །བདག་དད་ཅིང་མོས་པས་བཀའ་དྲིན་བསམ། །འདིར་ཐོས་བསམ་འོད་གསལ་གྱི་ཞིང་རྨོས་པས། །གོ་ཡུལ་ཆར་སྤྲིན་གྱི་དྲོད་བཤེར་ཐེབས། །ཉམས་ཚོད་མེ་ཏོག་གི་སྐྱེད་ཚལ་བཟང། །སྒྱུ་ལུས་བདེ་ཐང་གི་རིག་འཛིན་སྐྱིད། །ཕྱི་ལྟར་སྣང་ཨ་འཐས་ཀྱི་འཁྱམས་པོ་དེ། །ནང་འོད་གསལ་སྤྲིན་གྱི་སྐྱེད་ཚལ་འགྲིམ། །གསང་བར་འོག་མིན་གྱི་འདུ་བར་སྤྱོད། །ཨ་ཏིའི་རིག་འཛིན་གྱི་ཚུལ་དུ་མཆིས། །ལར་སྣང་སྲིད་དག་པ་རབ་འབྱམས་སུ། །ལྷན་སྐྱེས་ཡེ་ཤེས་ཀྱིས་འབྱམས་ཀླས་ཚེ། །དྲན་རིག་ཆོས་སྐུ་ཡི་སྐར་མདའ་འདི། །མ་རྩོལ་ཀྱང་མཐོང་འདི་སྐལ་བ་བཟང་། །འདི་ཉམས་རྟོགས་ཀྱི་མཐར་ཐུག་མ་ཡིན་ཀྱང་། །བསྒྲུབ་པའི་ཞབས་ཏོག་གི་ཉིང་ཁུ་ཙམ། །ཁྱེད་གྲུབ་དབང་གི་སྙན་དུ་སྦྲོན་ལགས་ན། །ད་དགོངས་འགལ་མི་འཚལ་ཐུགས་རྗེས་བཟུང་། །ཁྱེད་མཚན་ལྡན་གྱི་སྐྱ་རེངས་ཤར་ཙམ་གྱིས། །ང་སྙིང་དབུས་ནས་དད་པའི་པདྨོ་བཞད། །སངས་རྒྱས་དངོས་གདུང་གི་ཟིལ་མངར་ལས། །ཞུ་འཕྲིན་གྱི་དྲི་བསུང་འདི་ལྟར་གཏུལ། ། མཚམས་གསོལ༑ ༈ རྗེ་གྲུབ་པའི་དབང་ཕྱུག་འདུལ་བ་འཛིན། །ལྷ་བསྙེན་སྒྲུབ་མཐར་ཕྱིན་བྱ་བཏང་བ། །གཏམ་སྙན་གྲགས་ནོར་ལ་མི་ཞེན་པའི། །མགོན་ཁྱེད་ཀྱིས་ང་ཡི་ཡིད་དབང་འཕྲོག །ང་ཕྱུག་པའི་ནོར་དང་མི་ལྡན་ཞིང་། །མི་ཆེན་གྱི་དཔུང་ཤེད་མ་འབྱོར་ཀྱང་། །མགོན་ཁྱེད་ལ་ཤིན་ཏུ་དད་པ་ཡིས། །དུས་ད་རེས་སྐྱབས་འཇུག་རེ་ལ་དགོངས། །སྔར་ང་ཉིད་ན་ཕྲ་རི་སྐྱེས་དུས། །མཁས་ཟུང་མེ་ཏོག་གིས་གསོས་གྱུར་ཀྱང་། །སློབ་གཉེར་འཚོ་ཐབས་སུ་བཏང་བ་ལས། །ཚུལ་དགུའི་ཟིར་དངར་དེ་འཐུང་མ་ནུས། །ང་དང་པོར་གསོས་པའི་འདབ་བརྒྱ་ནི། །མཚན་སྙན་པ་ཡེ་ཤེས་རིན་ཆེན་ཡིན། །སྤྱིར་ནང་ཆོས་ངོ་སྤྲོད་ཀྱི་སྐུ་དྲིན་ཆེ། །སྒོས་མི་ཚེ་ལམ་སྟོན་གྱི་ཐུགས་རྗེ་ཆེ། །ང་གཉིས་པར་གསོས་པའི་གེ་སར་ནི། །མཚུངས་མེད་ལེགས་བཤད་རྒྱ་མཚོ་ཡིན། །སྤྱིར་རིག་གནས་སྒོ་འབྱེད་ཀྱི་སྐུ་དྲིན་ཆེ། །སྒོས་ནང་དོན་རིག་བཀྲོལ་གྱི་བྱིན་རླབས་ཆེ། །འོན་ཀྱང་ཀླད་སྟོང་གི་བྱིས་ཕྲུག་ངས། །རིན་བྲལ་དུས་ཚོད་དེ་རླུང་ལ་བསྐུར། །བཀའ་སློབ་གསེར་ཞུན་རྣམས་ཆུ་ལ་བསྐྱུར། །ལྟ་ངན་རླུང་ཞོན་གྱིས་ཕྱོགས་མཐར་འཁྱར། །ད་མི་ཚེ་ཕྱེད་ཀའི་སོ་མཚམས་ལ། །སེམས་སླར་ཡང་ཆོས་ལ་ཕྱོགས་ཙ་ན། །ཁོང་འདབ་བརྒྱ་གཉིས་ཀ་ཞིང་དུ་གཤེགས། །ང་གཤོག་ཟད་ཀྱི་རྐང་དྲུག་མགོན་མེད་ལུས། །ཁྱེད་བྱ་བཏང་སྤྲོས་མེད་ཀྱི་གྲུབ་དབང་འདི། །དང་པོ་མཚན་ལྡན་གྱི་བླ་མ་བསྟེན། །བར་དུ་སྒྲུབ་པ་མཐའ་རུ་བསྐྱལ། །ད་ལྟ་ཚེ་འདིའི་ཞེན་པ་སྤངས། །བྱེད་ཚད་བསྟན་དང་འགྲོ་དོན་བྱས། །འབྲེལ་ཚད་ཆོས་དང་དགེ་ལ་སྦྱར། །བླ་མ་མཚན་ལྡན་གྱི་ཡོན་ཏན་ལྡན། །ཨ་ཧོ་ཁྱེད་དེ་འདྲའི་ཡ་མཚན་ཆེ། །ཀྱེ་མ་བྱ་བྲལ་གྱི་དམ་པ་ཁྱེད། །ས་སྐོར་ཐག་རིང་བའི་འབྲུག་ལ་བཞུགས། །ཀྱེ་ཧུད་མོས་ལྡན་གྱི་རིག་འཛིན་ང་། །བྱང་ཨ་རི་ཤར་མཐའི་གླིང་ན་ལྷགས། །ཞལ་མཇལ་སྙིང་བྲོད་ཀྱང་ས་ཐག་རིང་། །ཆོས་ཞུ་སྙིང་བྲོད་ཀྱང་བགོ་སྐལ་དབེན། །ཡིད་ལྷང་ལྷང་གདུང་རུང་བྱ་ཐབས་ཆུང་། །དེ་དགོངས་ལ་ཐུགས་རྗེས་ངེས་པར་གཟིགས། །སྔར་རིགས་བདག་རྣམ་དཀར་དོན་གྲུབ་ལས། །ཆོས་རྫོགས་ཆེན་སྡེ་གསུམ་ཆིག་སྒྲིལ་དང་། །ཟབ་མོའི་སྙིང་ཐིག་ཡ་བཞི་རྣམས། །ངས་ཞུས་པའི་སྐལ་བཟང་སྨིན་ཡོད་ཀྱང། །བར་ང་ཉིད་བདུད་ཀྱིས་བསླུས་བསླུས་ནས། །ཚན་རིག་ཡེ་ཤུ་ལ་ཡིད་ཆེས་ཤིང་། །རྒྱ་སྐད་དབྱིན་སྐད་སྦྱངས་པའི་རྗེས། །དལ་རྟེན་འདི་ཕལ་ཆེར་སྟོང་བརླག་བྱས། །ད་ལོ་ཤས་རྗེས་ལ་དྲན་པ་གསོས། །བློ་འགྱོད་པ་དྲག་པོས་ཁ་ནང་བལྟས། །ཡིད་དམ་བཅའ་དྲག་པོས་རང་ཚུགས་བཟུང་། །གང་ལས་ལ་འགན་འཁྲི་འཁུར་ཏེ་མཆིས། །དུས་ད་ལྟ་ཨར་འདམ་བྲག་རོང་ན། །རྗེས་གནང་འོད་གསལ་གྱི་རྣལ་འབྱོར་ངང་། །ལྷ་བླ་མ་དང་འདུ་འབྲལ་མ་མཆིས་ཀྱང་། །ཐེ་ཚོམ་སོམ་ཉི་ལས་གྲོལ་དུས་མེད། །རེ་དོགས་ཀྱི་ཁུ་འཁྲིག་མང་མང་སྐྱེས། །དག་མཉམ་གྱི་སྣང་བ་བརྗེད་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་དག་མཉམ་རོ་གཅིག་དང་ངོ་སྤྲོད་ཞུ། །སྤང་བླང་ལ་མཚན་མ་རགས་པར་འཛིན། །དབྱིངས་རིག་གཉིས་ཁག་ཁར་ལུས་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་དབྱིངས་རིག་ཟུང་འཇུག་ཏུ་ངོ་སྤྲོད་ཞུ། །དགག་སྒྲུབ་ཀྱི་གྲུབ་མཐར་ཞེན་ཞེན་ནས། །ཟང་ཐལ་གྱི་རིག་པ་བརྗེད་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་བློ་འདས་ཀྱི་གཉུག་མར་ངོ་སྤྲོད་ཞུ། །ཐ་སྙད་ཀྱི་ཚིག་ལ་གཡེང་གཡེང་ནས། །ཉག་ཅིག་གི་གནས་ལུགས་བརྗེད་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་བྱར་མེད་ཀྱི་ལམ་དུ་ངོ་སྤྲོད་ཞུ། །བསྐྱེད་རྫོགས་ལ་དམིགས་པ་གཏད་གཏད་ནས། །དམིགས་མེད་ཀྱི་དགོངས་པ་བརྗེད་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་རྟོག་མེད་ཀྱི་ཡེ་ཤེས་ངོ་སྤྲོད་ཞུ། །སྙན་ངག་གི་ཚིག་ཕྲེང་བྲིས་བྲིས་ནས། །མན་ངག་གི་གསང་སྒོ་བརྗེད་ལ་ཐུག །ཁྱེད་གྲུབ་པའི་དབང་པོ་བྱ་བཏང་གིས། །བདག་བརྗོད་མེད་ཀྱི་དགོངས་པར་ངོ་སྤྲོད་ཞུ། །ལར་ཡུས་གདུང་ཟད་མཐའ་མ་མཆིས་ཀྱང་། །དོན་གཅིག་ཏུ་སྒྲིལ་ན་འདི་སྐད་ཞུ། །ཁྱེད་གྲུབ་པའི་དབང་པོ་ཐུགས་རྗེ་ཅན། །བདག་རྗེས་སུ་འཛིན་པའི་སྐུ་དྲིན་སྩོལ། །རྗེ་སྒམ་པོ་བརྒྱུད་པའི་ཕྱག་ཆེན་དང་། །རས་ཆུང་བརྒྱུད་པའི་བསྲེ་འཕོ་དང་། །སྙན་བརྒྱུད་ཡིད་བཞིན་ནོར་བུ་རྣམས། །ཅིས་ཀྱང་བདག་ལ་བསྩལ་བར་ཞུ། །ང་དད་པའི་ཨ་ལོང་གསར་གཏོད་ཅན། །ཕྱི་གླིང་གི་ཆུ་གཏིང་ནས་ཐར་དུས་མེད། །ཁྱེད་ཐུགས་རྗེའི་ལྕགས་ཀྱུ་མར་དཔྱང་སྟེ། །དུས་འདི་རུ་སྐྱབས་སུ་འཛིན་པར་ཞུ། །གནས་ཨར་འདམ་བྲག་རོང་རི་ཁྲོད་ཀྱི། །དགོན་འོད་གསལ་སྤྲིན་གྱི་སྐྱེད་ཚལ་འདིར། །ཁྱེད་འོ་བརྒྱལ་ཆེ་རུང་ཕེབས་པར་ཞུ། །གནམ་འགྲུལ་ཐག་རིང་རུང་ཕེབས་པར་ཞུ། །རབ་སྒྲུབ་པའི་མཆོད་པ་འབུལ་སྙིང་བྲོད། །འབྲིང་ལུས་ངག་གི་ཞབས་ཕྱིད་ཞུ་སྙིང་བྲོད། །མཐར་ཟང་ཟིང་མཆོད་པའང་གཤོམ་སྙིང་བྲོད། །ཐུགས་བརྩེ་བས་ཅིས་ཀྱང་དགོངས་པར་ཞུ། ། མཇུག་དོན༑ སླད་ཆར་ཡང་གྲུབ་པའི་དབང་པོ་ཁྱེད། །སྐུ་འགྱུར་མེད་ཆོས་སྐུའི་ངོ་བོ་དང་། །གསུང་འགག་མེད་ལོངས་སྐུའི་རོལ་པ་ལས། །ཐུགས་འཁྲུལ་མེད་སྤྲུལ་སྐུར་འཚོ་གཞེས་གསོལ། །སྤྱིར་སྐལ་ལྡན་ཚེ་གཅིག་སངས་རྒྱས་མཛོད། །སྐལ་མེད་རྣམས་འཁོར་བ་མཐའ་གཅོད་མཛོད། །སྒོས་བདག་འདྲའི་དད་པ་ཅན་རྣམས་ལ། །རྟོགས་པ་བཙན་འཕོས་ཀྱི་སྐྱབས་འཇུག་མཛོད། །གལ་ཏེ་ཚེ་འདིར་ལས་སྨོན་དང་། །བསོད་ནམས་ཀྱི་རྟེན་འབྲེལ་མ་འགྲིག་ན། །ཁྱེད་བསྐལ་པ་གཞན་ན་ཕེབས་པའི་ཚེ། །བདག་འཁོར་གྱི་ཐོག་མར་རྗེས་ཟུངས་གསོལ། །ལར་ཞུ་འཕྲིན་ཁ་སྟོང་མིན་པ་དང་། །མཆོད་འཕྲིན་ལག་སྟོང་མིན་ཙམ་དུ། །འབྲུག་སྒོར་ཁྲི་ཕྲག་གི་ཕྱག་རྟེན་འབུལ། །ཐུགས་བརྩེ་བས་གཞེས་པར་མཁྱེན་མཁྱེན་མཁྱེན། །ཞེས་འོད་གསལ་སྤྲིན་གྱི་སྐྱེད་ཚལ་ནས། །ལོ་ཤིང་འབྲུག་ཟླ་བརྒྱད་ཉེར་དགུའི་ཉིན། །གུས་རིག་འཛིན་རྒྱུ་སྐར་དབང་པོ་ཡིས། །སྒོ་གསུམ་གུས་ཕྱག་དང་བཅས་ཏེ་ཕུལ། ། ། །


SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.