Thursday, October 9, 2025

བཀའ་རྙིང་དམ་ཅན་རྒྱ་མཚོའི་བསྟོད་འཕྲིན་ངག་དབང་ལྷ་མོའི་སྒྲ་བརྙན།

༄༅། ། ཧཱུྃ༑ གདོད་ནས་རྟ་མཆོག་རོལ་པའི་རྩལ་རྫོགས་ཀྱང་། །ད་དུང་བསྟན་དགྲ་ཚར་བཅད་ཆུ་ཟླའི་གར། །སྲིད་གསུམ་དབང་པོའི་གཙུག་གི་རྒྱན་གྱུར་པ། །དཔལ་མགོན་ནག་པོ་ཆེན་པོར་ཕྱག་འཚལ་བསྟོད། །རྣམ་སྣང་བདེ་གཤེགས་སྙིང་རྗེ་ཁྲོས་པའི་མདངས། །ཡེ་ཤེས་མགོན་པོ་ལྷ་ཆེན་དྲག་པོའི་གཙོ། །ཕོ་མགོན་མོ་མགོན་ལས་མགོན་ཡོངས་ཀྱི་རྗེ། །དྲེགས་པ་ཀུན་འདུལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཁྲོས་པའི་སྤྲིན་ལས་སྡང་མིག་གློག་ཞགས་གཡོས། །འཇིགས་པའི་ཚེམས་ཀྱི་གནམ་ལྕགས་བསྟན་དགྲར་འབེབས། །ལྕགས་ཀྱི་སྡེར་མོས་དམ་ཉམས་སྙིང་འབྱིན་པའི། །སྔགས་སྲུང་གཙོ་མོ་རལ་ཅིག་ཁྱོད་ལ་བསྟོད། །འཇིགས་རུང་སུས་ཀྱང་མི་བཟོད་དྲག་མོའི་གཟུགས། །ལྷ་དབང་རྣམས་དང་གཤིན་རྗེ་ཀུན་གྱི་རྗེ། །འདོད་ཁམས་མ་ལུས་སྐྲག་ཅིང་རྔམ་བྱེད་མ། །དཔལ་ལྡན་དུད་སོལ་ལྷ་མོ་ཁྱོད་ལ་བསྟོད། །སྲིད་གསུམ་ཡུད་ཀྱིས་ཉུལ་ཞིང་དགྲ་སྙིང་ལ། །དྲག་ཤུལ་རྡོ་རྗེའི་ཐོག་ཆར་འབེབས་པ་ཡིས། །སྣང་སྲིད་དབང་སྡུད་རྗེ་མོའི་གཙོ་གྱུར་པ། །མ་མོ་རེ་ཏི་འཁོར་དང་བཅས་ལ་བསྟོད། །བསྟན་དགྲའི་སྙིང་ལ་མི་སྡུག་ཚང་ཚིང་འཁྲིགས། །སྲིད་གསུམ་ཅིག་ཅར་རྔུབ་པའི་མཁའ་ཞལ་གདང་། །སྤྱན་སྟོང་སྐར་མདས་དམ་ཉམས་བསྒྲལ་མཛད་པ། །གསང་བདག་བཀའ་སྡོད་རཱ་ཧུཾ་ཆེན་པོར་བསྟོད། །རླུང་ནག་དང་འགྲོགས་སྦུད་གཟུགས་རྡོ་རྗེའི་མདས། །རྦད་པས་དགྲ་སྙིང་གཏོར་ཅིང་ཀླད་འགེམས་པའི། །དཀོར་སྲུང་སྒྲོལ་གིང་ལས་ཀྱི་བཤན་པ་དང་། །དམ་ཅན་མ་མོ་ངན་ནེ་མ་ལ་བསྟོད། །འཛམ་གླིང་སྐྱེས་མཆོག་རིགས་ཅན་རྒྱལ་པོའི་གཙོ། །ནུབ་ཕྱོགས་སྲོག་བདག་རྣལ་འབྱོར་སྲུང་མ་ཆེ། །སྐྱེ་འགྲོའི་དགྲ་ལྷ་རིན་ཆེན་གཏེར་གྱི་བདག །དམ་ཅན་རྡོ་རྗེ་ལེགས་པ་འཁོར་བཅས་བསྟོད། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །འཛད་མེད་དར་གོས་གསེར་གཡུ་རིན་ཆེན་གྱིས། །ས་གསུམ་དབུལ་འཕོངས་ཀུན་སེལ་གཏེར་གྱི་བདག །རྣམ་མང་ཐོས་སྲས་ཡབ་ཡུམ་འཁོར་བཅས་བསྟོད། །སྲིད་ཞིའི་མཛེས་སྡུག་གཅིག་སྒྲིལ་ཟླ་བའི་ཞལ། །ཚེ་གཡང་འདོད་དགུ་འཇོ་བའི་འཛུམ་དཀར་ཅན། །དྲན་རེག་བདེ་ཆེན་བསྐྱེད་པའི་ཌཱ་ཀི་ནཱི། །ཞིང་སྐྱོང་སྨན་བཙུན་ཚེ་རིང་མཆེད་ལྔར་བསྟོད། །མི་བཟོད་ཡིད་དབང་འཕྲོག་པའི་མཚར་སྡུག་དང། །ཀུ་མུད་ད་ལྟར་མཛེས་པའི་ལང་འཚོ་ཡིས། །རིག་འཛིན་མཆོག་ཐུན་རོ་བརྒྱས་ཚིམ་བྱེད་མ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད། །ཞ་ཉེའི་བསེ་རྨོག་བསེ་ཁྲབ་རིན་ཆེན་དང་། །ཟ་འོག་མདུང་དར་སྦྲུལ་ཞགས་ནོར་བུས་བརྒྱན། །འ་འུབ་ཚངས་སྤྱོད་ཏི་གཡག་སྒྱུ་འཕྲུལ་འགྱེད། །ཡ་མཚན་བཙན་རྒོད་ར་བྲག་སྤུན་གསུམ་བསྟོད། །གཞན་ཡང་དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས། །ཆོས་མཛད་ཞབས་འདེག་ཆོས་མིན་སྲོག་འཕྲོག་ཅིང་། །ས་འདིར་གནས་ཤིང་རྒྱུ་བའི་གཞི་བདག་སོགས། །ཀུན་ལ་མཛའ་ཞིང་གདུང་བའི་སེམས་ཀྱིས་བསྟོད། །དེ་ལྟར་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །ཁ་ཞེ་གཉིས་མེད་བསྟོད་ཅིང་བསྙེན་པ་ནི། །བསྟན་དང་དཀོན་མཆོག་དབུ་འཕངས་སྨད་པའི་སྡེ། །ལོག་པར་ལྟ་རྣམས་རྨེགས་མེད་ཉིད་དུ་མཛོད། །ཆོས་འཁོར་གཉེན་པོ་ནོར་དང་སྲིད་ཀྱི་སླད། །འཁྲུལ་འཁོར་སྒྲ་ཚུལ་བསམ་ཡུལ་འདས་པའི་ཇུས། །ཁེ་དབང་ཐོབ་ཐང་བཙན་ཤུགས་ཀྱིས་འཕྲོག་པའི། །དབང་ཆེན་མི་ཡི་སྙིང་ཁྲག་ཞལ་དུ་གསོལ། །རང་དོན་སྤྱོད་པའི་ལུང་ཙམ་མ་ནོས་པར། །གཞན་དོན་འཁུར་བའི་རྣམ་འགྱུར་ལང་ལོང་གིས། །མཐའ་གྲོལ་རྡོ་རྗེའི་དབང་དམ་ལ་འགོངས་པའི། །ནག་ཉེས་སྤྲུལ་བརྫུས་རྣམས་ཀྱང་རྡུལ་དུ་རློགས། །བདག་ཀྱང་གལ་ཏེ་ལས་ཀྱི་རྣམ་སྨིན་དང། །ཡང་ན་བསྟན་འགྲོའི་རྒུད་པ་གསོ་བའི་ཕྱིར། །བཙན་པོས་གཉའ་གནོན་གདུག་པོས་འགོལ་འགྱུར་ན། །དམ་ཅན་ཁྱེད་ཀྱིས་གཡེལ་མེད་རམས་འདེག་མཛོད། །དེ་མིན་ཐོས་བསམ་སྤྱོད་པས་དུས་འདའ་ཞིང། །སྒོམ་བསྲན་ལྟ་བས་སྒྲུབ་པའི་རྒྱལ་མཚན་སྒྲེང། །ཉམས་རྟོགས་དར་གྱི་ཤམ་བུས་ལེགས་གཡོགས་ཏེ། །དལ་རྟེན་དཔག་བསམ་གསོ་བའི་སྡོང་གྲོགས་མཛོད། །རྫོགས་ཆེན་བཤད་པའི་བཀའ་བབ་ཡུན་དུ་བརྟན། །སྒྲུབ་པའི་རིག་འཛིན་ས་ལམ་གོལ་མེད་བགྲོད། །བསྟན་པའི་སྦྱིན་བདག་མངའ་ཐང་གོང་དུ་འཕེལ། །གསང་སྔགས་བསྟན་པ་དར་རྒྱས་ཡུན་གནས་མཛོད། །སྤྱིར་ན་རྣམ་གསུམ་སྡེ་སྣོད་འཛིན་པ་དང་། །བསླབ་གསུམ་རྣམ་གྲོལ་རྟོགས་པའི་སྐྱེས་ཆེན་དང་། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་སྔགས་འཆང་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་མཛོད། །སྒོས་སུ་པདྨ་ཀ་རའི་གདུང་འཚོབ་དང་། །བསྟན་འགྲོར་སྨན་པའི་སྐྱེས་ཆེན་དམ་པ་ཀུན། །ཚེ་རིང་ནད་མེད་འདོད་དོན་ལྷུན་འགྲུབ་ཏེ། །འཕྲིན་ལས་རྣམ་བཞིས་ཕྱོགས་མཐར་ཁྱབ་པ་མཛོད། །ཡང་སྒོས་རིག་འཛིན་བདག་སོགས་འཁོར་བཅས་ཀྱི། །གནས་ཡུལ་གཞིས་གསུམ་ཆོས་ནོར་གཏེར་གསུམ་སྲུང་། །སྲི་གདོན་ནད་ཟོར་རྒྱལ་པོའི་ཆད་པ་ཟློག །བཀྲ་ཤིས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད།། །།ཅེས་པའི་བསྟན་སྲུང་དམ་ཅན་རྣམས་ལ་བསྟོད་འཕྲིན་འདིའང་ ལྷག་ཆད་རང་བཟོར་དུ་མི་འགྲོ་བའི་གཅེས་སྤྲས་ཀྱི་སྒོ་ནས་རྒྱལ་སྲས་གོང་མ་རྣམས་ཀྱི་གསུང་ལ་གཞི་བཅོལ་ཏེ་ རིག་པ་འཛིན་པ་རྒྱུ་སྐར་གྱི་དབང་པོས་ གསོལ་བསྡུས་རིག་འཛིན་ལག་ལེན་གྱི་ཆ་ལག་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག ། ཛ་ཡནྟུ། །

SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.