༄༅། །ན་མོ་གུ་རུ་མཉྫུ་ཤྲི་ཡེ༑ རིག་ལམ་འོད་སྟོང་འབར་བ་པདྨོའི་གཉེན། །མདོ་སྔགས་ལེགས་བཤད་འཁྱིལ་བ་ཟླ་བའི་གྲོགས། །ཀུན་བཟང་དགོངས་པའི་ཀློང་བརྡོལ་རྒྱལ་བའི་སྲས། །གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གུས་པས་བཏུད། །མཁྱེན་པའི་དབང་པོ་ལེགས་བཤད་རྒྱ་མཚོའི་གཏེར། །བརྩེ་བའི་རང་གཟུགས་རྣམ་དཀར་དོན་གྲུབ་རྗེ། །ནུས་སྟོབས་རང་གདངས་ཡེ་ཤེས་རིན་ཆེན་ཞབས། །གསུམ་ཚན་གསུམ་ལྡན་རིགས་གསུམ་མགོན་པོར་འདུད། །འདི་ནང་ནུབ་གླིང་འགྲིམས་པའི་ཐབས་ཟད་པོ། །རྣམ་གསུམ་དབྱེན་པའི་ཡོན་ཏན་ཁྱད་སོད་པོ། །མངོན་ཞེན་འཛིན་པའི་སྒྲོག་གིས་དམ་འཆིང་པོ། །རང་ལ་སྙིང་གཏམ་ཉི་ཤུ་རྩ་ལྔ་འདེབས། །ཀྱེ་མ་ཀྱེ་ཧུད་འཁོར་བའི་བཙོན་ར་ནང་། །ཐོག་མེད་དུས་ནས་སྲིད་པའི་ལས་ཀྱིས་འཆིངས། །ད་ནི་ཅིས་ཀྱང་མྱང་འདས་གོ་འཕང་ལ། །བགྲོད་པའི་བསམ་བློ་ཐོངས་དང་སྙིང་གཏམ་ཡིན། །ད་རེས་ངེས་འབྱུང་བརྟན་པོ་མ་སྐྱེས་ན། །དང་པོ་མཆོག་གསུམ་ཡོན་ཏན་མི་མཐོང་ཞིང་། །གཉིས་པ་གདོད་མའི་རང་ངོས་མི་ཟིན་པས། །ཅིས་ཀྱང་སེམས་སྦྱོང་གྱིས་དང་སྙིང་གཏམ་ཡིན། །དལ་འབྱོར་ལུས་རྟེན་རིན་ཆེན་ཀུན་གྱི་དཔྱིད། །ད་ལྟ་རང་གི་ལག་ན་ཡོད་པའི་དུས། །ཚེ་འདིའི་དབང་དུ་ཆུད་ཟོས་མི་བཏང་བར། །གཏན་གྱི་དོན་ཆེན་སྒྲུབས་དང་སྙིང་གཏམ་ཡིན། །ད་རེས་དལ་འབྱོར་རྙེད་དཀའ་མ་བསམ་ན། །དང་པོ་རྣམ་གཡེང་ངང་ལས་མི་ཐར་ཞིང་། །གཉིས་པ་འཚོ་བའི་འཕྲང་ལས་མི་བརྒལ་བས། །དལ་རྟེན་རིན་ཐང་རྩིས་དང་སྙིང་གཏམ་ཡིན། །རླུང་གསེབ་མར་མེ་ལྟ་བུའི་མི་ཚེ་འདི། །སྐད་ཅིག་གཅིག་གིས་མི་འཇིག་ངེས་པ་མེད། །ཡུན་དུ་གསོན་པའི་ཤོམ་ར་མ་ཆེ་བར། །འཆི་བ་མི་རྟག་དྲན་དང་སྙིང་གཏམ་ཡིན། །ད་རེས་འཆི་བ་མི་རྟག་མ་དྲན་ན། །དང་པོ་ཚེ་འདིའི་སྣང་ཞེན་ལྡོག་དུས་མེད། །གཉིས་པ་བརྩོན་འགྲུས་རྟ་ཕོ་རྒྱུག་དུས་མེད། །ལོང་མེད་ཡིད་ལ་བྱོས་དང་སྙིང་གཏམ་ཡིན། །རང་གི་ལས་དང་རྣམ་པར་སྨིན་པ་ནི། །ལུས་ཀྱི་གྲིབ་བཞིན་རྗེས་སུ་འབྲང་བ་ལས། །ཐུབ་པས་ས་དང་ཆུ་ལ་མི་སྨིན་གསུངས། །རྒྱུ་འབྲས་ཡིད་ཆེས་མཛོད་དང་སྙིང་གཏམ་ཡིན། །ད་རེས་རྒྱུ་འབྲས་ཡིད་ཆེས་མ་བྱེད་ན། །དང་པོ་དགེ་སྡིག་ཤན་འབྱེད་མི་ནུས་ཤིང་། །གཉིས་པ་རྣམ་དཀར་དགེ་བརྩོན་མི་ནུས་པས། །བསླུ་མེད་རྟེན་འབྲེལ་སྒོམས་དང་སྙིང་གཏམ་ཡིན། །སྲིད་གསུམ་གང་ནས་གང་དུ་སྐྱེས་གྱུར་ཀྱང་། །བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་དགོས་ཤིང་། །ད་དུང་མུན་ནས་མུན་དུ་འགྲོ་ངེས་པས། །འཁོར་བའི་ཉེས་དམིགས་སོམས་དང་སྙིང་གཏམ་ཡིན། །ད་རེས་འཁོར་བའི་ཉེས་དམིགས་མ་བསམ་ན། །དང་པོ་སྲིད་པར་འཇིགས་པས་མི་སྐྲག་ཅིང་། །གཉིས་པ་གཏན་གྱི་བདེ་བས་མི་གདུང་བས། །འཁོར་བར་འཇིགས་སྣང་སྤོར་དང་སྙིང་གཏམ་ཡིན། །འདི་ལྟར་བློ་ལྡོག་རྣམ་ལྔ་མཐར་དབྱུངས་ཤིང་། །ཐོས་དང་བསམ་པའི་ཤེས་རབ་ཅུང་ཐོབ་ཀྱང་། །སྐྱབས་འགྲོ་སེམས་བསྐྱེད་ལམ་དུ་མ་འཇུག་ན། །དོན་མེད་ཆུད་ཟོས་ཤེས་དང་སྙིང་གཏམ་ཡིན། །ད་རེས་སྒྲོན་མའི་ཞིང་དུ་བལྟམས་པ་དང་། །དང་པོ་དཀོན་མཆོག་གསུམ་པོ་ངོ་ཤེས་ཤིང་། །གཉིས་པ་ལེགས་བཤད་རྒྱ་མཚོའི་དབྱིག་ཐོབ་དུས། །རང་བདེ་དོན་གཉེར་སྤོངས་དང་སྙིང་གཏམ་ཡིན། །ཕྱི་ནང་ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར། །སྣང་ཡང་བདེན་པར་མེད་པར་མ་ཤེས་ན། །ཨ་འཐས་མཚན་མ་འཛིན་པ་མི་སྤོང་གི །སྟོང་ཉིད་གཏན་ལ་ཕོབས་དང་སྙིང་གཏམ་ཡིན། །ད་རེས་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །དང་པོ་གྲུབ་མཐའ་རྣམ་བཞིའི་རྒྱུས་ལོན་ཞིང་། །གཉིས་པ་ཕྱག་རྫོགས་མན་ངག་རྒྱུད་འཁྱོངས་དུས། །ཕྱོགས་འཛིན་རྩོད་སྒྲུབ་སྤོངས་དང་སྙིང་གཏམ་ཡིན། །རང་ལུས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལ། །མ་དག་ཐ་མལ་སྣང་ཞེན་མི་བྱེད་པར། །བྱུང་ན་རྡུལ་སྙེད་མཐའ་བྲལ་ཞིང་དུ་སྒོམས། །མ་བྱུང་ལྷ་ཙམ་སྒོམས་དང་སྙིང་གཏམ་ཡིན། །ད་རེས་རང་ལུས་ལྷ་རུ་མ་གོམས་ན། །དང་པོ་ཐ་མལ་སྣང་ཞེན་མི་ལྡོག་ཅིང་། །གཉིས་པ་དག་པ་རབ་འབྱམས་མི་འཁྱོང་བས། །རང་ལུས་ལྷ་སྐུར་སྦྱོངས་དང་སྙིང་གཏམ་ཡིན། །རང་ངག་ཆོས་ཀྱི་ཕུང་པོའི་སྒྲ་གདངས་ལ། །མ་དག་ཆགས་སྡང་ངག་ཁྱལ་མི་རྩོལ་བར། །བྱུང་ན་སྨྲ་བརྗོད་ལེགས་བཤད་བདུད་རྩིར་སྒྱུར། །མ་བྱུང་ལྷ་སྔགས་ཟློས་དང་སྙིང་གཏམ་ཡིན། །ད་རེས་སྨྲ་བརྗོད་དོན་ལྡན་མ་བྱེད་ན། །དང་པོ་ཐ་ཤལ་དགག་སྒྲུབ་ཟད་དུས་མེད། །གཉིས་པ་གཞུང་ལུགས་གདམས་པར་ཤར་དུས་མེད། །རང་སྒྲ་སྔགས་སུ་སྦྱོངས་དང་སྙིང་གཏམ་ཡིན། །རང་སེམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། །མ་དག་རྣམ་པར་རྟོག་པས་མི་འཕྱན་པར། །བྱུང་ན་ཀུན་བཟང་དགོངས་པ་ཟང་ཐལ་ལྟ། །མ་བྱུང་རྩོལ་མེད་ཞོགས་དང་སྙིང་གཏམ་ཡིན། །ད་རེས་དྲན་རྟོག་བག་ཡོད་མ་བྱེད་ན། །དང་པོ་གཟུང་བའི་ཡུལ་ལ་ཟད་དུས་མེད། །གཉིས་པ་འཛིན་པའི་སེམས་ལ་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་སྦྱོངས་དང་སྙིང་གཏམ་ཡིན། །འཁོར་འདས་རང་བཞིན་ཡེ་ནས་སྟོང་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་ལ། །སྟོང་ཉིད་སྙིང་རྗེས་གདར་གཤའ་གཅོད་པ་ཡིས། །སྙིང་པོ་ལམ་དུ་ཁྱོངས་དང་སྙིང་གཏམ་ཡིན། །མདོར་ན་བླ་མ་དཀོན་མཆོག་སྤྱི་བོར་སྒོམས། །ཐུགས་རྗེའི་དཔྱངས་ཐག་རྒྱུན་མི་ཆད་པར་གྱིས། །དད་པའི་ཨ་ལོང་རབ་ཏུ་བརྟན་པར་བྱས། །བྱིན་རླབས་ཉེ་བར་གྱིས་དང་སྙིང་གཏམ་ཡིན། །བདེ་ན་བདེ་བ་དཀོན་མཆོག་དྲིན་དུ་སོམས། །འབྱོར་ན་འབྱོར་པ་ཡར་མཆོད་མར་སྦྱིན་གྱིས། །སྡུག་ན་སྡུག་པ་ལས་ངནའཛད་པར་སོམས། །ཤི་གསོན་ལམ་དུ་ཁྱེར་དང་སྙིང་གཏམ་ཡིན། །གཉེན་ལ་གདུང་རེ་མ་ཆེ་ཆགས་པ་སྤོངས། །དགྲ་ལ་སྡང་རེ་མ་ཆེ་ཞེ་སྡང་སྤོངས། །སུ་ལའང་རེ་དོགས་མ་ཆེ་བཏང་སྙོམས་བྱོས། །རང་དྲིན་རང་ཆེ་གྱིས་དང་སྙིང་གཏམ་ཡིན། །དེ་ལྟར་སྙིང་པོ་ལག་ཏུ་ལེན་པ་དང་། །གཞན་ཡང་ཚེ་རབས་བསགས་པའི་དགེ་ཚོགས་ཀུན། །འགྲོ་རྣམས་རྣམ་མཁྱེན་ས་ལ་འགོད་པའི་ཕྱིར། །འཁོར་གསུམ་ཡོངས་དག་སྔོས་དང་སྙིང་གཏམ་ཡིན། །འདི་སྐད་སྨྲས་པའི་སྙིང་གཏམ་ཚིག་ཕྲེང་འདིས། །སུ་ལའང་ཕན་པའི་ངེས་པ་མ་མཆིས་ཀྱང་། །རང་ཉིད་ཆོས་ཀྱི་སྙིང་པོ་ལོན་པའི་ཕྱིར། །རང་ལ་ཤ་ཚའི་ཁུལ་དུ་འདེབས་པ་ལགས། །འདི་ལ་ཕན་པའི་ཡོན་ཏན་ཅི་མཆིས་པ། །དེ་ཡིས་བདག་གཞན་འབྲེལ་ཐོགས་འགྲོ་བ་ཀུན། །ཉམས་ལེན་སྙིང་པོ་འདི་བཞིན་ལེགས་འཁྱོང་སྟེ། །ཀུན་ཀྱང་རྣམ་མཁྱེན་ས་རུ་འཁོད་གྱུར་ཅིག །གངས་ལྗོངས་འཇམ་དབྱངས་རྣམ་གསུམ་མཁྱེན་པ་དང་། །ལྷོ་ལྗོངས་རིགས་བདག་རྣམ་གསུམ་བརྩེ་བ་དང་། །མཛེས་ལྗོངས་རིག་འཛིན་རྣམ་གསུམ་ནུས་སྟོབས་ཀྱིས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག ། ། །ཅེས་པ་འདི་ཡང་ རིག་འཛིན་སྐར་མས་ རང་ལ་གདམས་པའི་སྙིང་གཏམ་དུ་བྱ་བའི་ཕྱིར་ ཨར་འདམ་བྲག་རོང་གི་རི་ཁྲོད་དུ་ གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་གསུམ་གྱི་ཞོགས་གེར་ གདན་གསུམ་ལྷ་ཚོགས་མཆོད་པའི་བར་གསེང་དུ་བྲིས་ཤིང་ ཕྱིས་ཞི་གདུལ་ནུབ་ཕྱོགས་གངས་ལ་བསྐྱོད་དུས་ཤིག་ན་ སྤེལ་བ་དགེ་ལེགས་སུ་གྱུར་ཅིག ། ། །
Twenty-Five Pith Instructions to Myself
- Give rise to genuine renunciation.
Do not remain complacent in samsara; turn your mind toward liberation. - Train the mind.
Without disciplined cultivation, the qualities of the Three Jewels and the primordial nature remain unseen. - Value this precious human life.
You possess it now; do not squander it amid worldly distractions. Accomplish what is truly meaningful. - Recognize its rarity.
Do not waste this difficult-to-find opportunity in distraction and ordinary survival. - Remember impermanence.
Life is as fragile as a butter lamp in the wind. Do not assume you have time. - Remember death.
Without recollecting death, attachment to this life will not diminish and diligence will not arise. - Trust karma and its results.
Your actions follow you like a shadow. Cultivate confidence in cause and effect. - Examine your actions.
Without conviction in karma, you cannot distinguish virtue from harm or consistently cultivate what is wholesome. - Contemplate the faults of samsara.
Wherever you are born within cyclic existence, suffering follows. Do not mistake samsara for lasting refuge. - Turn your mind away from samsara.
Without seeing its defects, fear of continued existence will not arise, nor will the longing for lasting freedom. - Enter the path.
Even learning and reflection are wasted if they do not lead to refuge, bodhicitta, and practice. - Abandon self-interest.
Having encountered the Three Jewels and awakened bodhicitta, do not make your own happiness the ultimate aim. - Realize emptiness.
Phenomena appear like dreams and illusions. Do not cling to appearances as inherently real. - Abandon sectarian fixation.
Having studied the philosophical systems and entered the profound teachings of Mahāmudrā and Dzogchen, do not turn Dharma into factional argument. - See your body as deity.
Abandon ordinary fixation and cultivate pure vision; if you cannot sustain the vast vision, at least familiarize yourself with yourself as the deity. - Transform speech into Dharma.
Do not squander speech in attachment, anger, gossip, and dispute. Let words become meaningful instruction; if not, recite mantra. - Transform ordinary sound into mantra.
Train your own voice and expression as the resonance of deity and mantra. - Recognize mind as wisdom.
Do not chase conceptual proliferation. See the unobstructed expanse of primordial awareness; if that is not possible, simply rest without contrivance. - Train in self-arising awareness.
Otherwise, objects of fixation will never be exhausted and the grasping mind will never cease. - Unite emptiness and compassion.
Samsara and nirvana are empty by nature, yet karma and dependent origination remain unfailing. Let emptiness tempered by compassion cut through extremes, and bring the essence onto the path. - Keep the Lama and Three Jewels above your head.
Maintain an unbroken connection with their compassion, stabilize your devotion, and draw near their blessings. - Transform every circumstance into practice.
When happy, recognize the kindness of the Three Jewels. When prosperous, offer upward and give outward. When suffering, recognize it as the exhaustion of negative karma. Carry both life and death onto the path. - Release attachment and aversion.
Do not cling excessively to friends or hate enemies. Do not place excessive hopes or fears upon anyone. Practice equanimity and rely upon yourself. - Put the essence into practice and dedicate it.
Dedicate whatever virtue you have accumulated through countless lives to the awakening of all beings, and carry it onto the path to buddhahood. - Make the Dharma real in yourself.
These words are not primarily for others but are an act of compassion toward oneself: take the essence of Dharma into experience, practice it, and bring it to fruition.