Monday, January 5, 2026

རོ་སྙོམས་གྲོང་རྒྱུའི་རྣལ་འབྱོར་ལ་མཁོ་བའི་ཚིགས་ཕྲེང་བཞུགས།

༂ ཕཊཿ དཀོན་མཆོག་རྩ་གསུམ་རིག་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བཟང་ངན་འབྲེལ་ཐོགས་མ་གྱུར་འགྲོ་བ་ཀུན། །རྣམ་མཁྱེན་གོ་འཕང་འཐོབ་པར་བྱིན་གྱིས་རློབས། །འདིར་སྣང་འདུ་འཛིའི་བྱ་བ་བློས་བཏང་སྟེ། །ཚོགས་དྲུག་དབེན་པར་འདྲིལ་བའི་རྣལ་འབྱོར་རྣམས། །དྭངས་མ་དྲུག་ལྡན་ཕུང་ཁམས་གསོ་བའི་ཕྱིར། །རོ་སྙོམས་ཟས་ཀྱི་ལྡོམ་བུ་སློང་དུ་བཞུད། ། ཕཊཿ དལ་རྟེན་པདྨོའི་ལང་ཚོ་བཞད་པའི་དཔྱིད། །རྣམ་དཀར་དྲི་བསུང་གཏུལ་བའི་འབྱོར་ལྡན་རྣམས། །ཕྱི་མར་འཚང་རྒྱའི་རྟེན་འབྲེལ་བསྒྲིག་པའི་ཕྱིར། །ཚོགས་བསགས་སྒྲིབ་པ་སྦྱང་བའི་བསོད་སྙོམས་ཞུ། །ས་བརྟོལ་ཡངས་པའི་རྣམ་དཀར་དགེ་ཚོགས་ངོས། །ལྷག་བསམ་གཙང་མའི་འདབ་བརྒྱ་རབ་བཀྲ་བས། །རིགས་དྲུག་སྨིན་པའི་སྙེ་མ་གཡུར་ཟ་ཕྱིར། །བསླུ་མེད་རྟེན་འབྲེལ་བསྒྲིག་པའི་བསོད་སྙོམས་ཞུ། །ཐེག་པའི་ཡང་རྩེས་གསོས་པའི་རིག་འཛིན་དང་། །མཛངས་རབས་དཔལ་ཡོན་འདུས་པའི་དད་ལྡན་གཉིས། །ཚོམ་བུ་གཅིག་ཏུ་གྲོལ་བའི་རྟེན་འབྲེལ་ཕྱིར། །སྙིང་པོའི་ལྷ་ཆོས་སྒྲུབ་པའི་བསོད་སྙོམས་ཞུ། །མགྲོན་བཞི་དབྱེར་མེད་རྫོགས་པའི་དཀྱིལ་འཁོར་ལ། །འཁོར་གསུམ་དམིགས་མེད་དག་པའི་རྣལ་འབྱོར་དང་། །ཚོགས་གཉིས་ཕངས་མེད་བསག་པའི་ཡོན་བདག་གཉིས། །ཚེ་གཅིག་སངས་མཉམ་རྒྱ་བའི་བསོད་སྙོམས་ཞུ། ། ཕཊཿ སྲིད་ཞིའི་ཆོས་ཀུན་སྒྱུ་མ་ལྟ་བུ་ལ། །རེ་དང་དོགས་པའི་བསྔོ་སྨོན་མི་དགོས་ཀྱང་། །རང་བྱུང་གཉུག་མའི་གཤིས་ལུགས་རྟེན་འབྲེལ་ཀུན། །རྫོགས་པ་ཆེན་པོའི་ཀློང་དུ་གཏད་པར་བྱ། ། ཕཊཿ སྦྱིན་པ་ཆེན་པོ་འདི་ཡིས་འབྲེལ་ཐོགས་ཀུན། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ནས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་ཡོངས་སུ་སྒྲོལ་གྱུར་ཅིག ། ཕཊཿ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག ། ། ། ཅེས་པའང་ཆོས་ལྡན་གྱི་གྲོགས་པོ་ཨ་ནཱན་དཱས་ གནའ་དུས་ཀྱི་སྲོལ་ཁྱུན་ལྟར་དུ་ བསོད་སྙོམས་ལ་འོང་དགོས་པར་ཡང་ཡང་བསྐུལ་ངོ་མ་ལྡོག་པར་སོང་བའི་ཉིན་དེར་ མགོ་སེར་ངོ་མཚར་སྐྱེད་པའི་ཆ་ལག་ཏུ་ འཇིགས་མེད་བརྟུལ་ཞུགས་ཀྱི་གདངས་དབྱངས་སུ་གྱེར་ཕྱིར་ ཨར་འདམ་བྲག་རོང་གི་རི་ཁྲོད་དུ་ རིག་འཛིན་སྐར་མས་སྦྱར་བ་དགེའོ། །



SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.