Sunday, February 1, 2026

དྲ་གྲོགས་རྒྱང་བསྐུར་གྱི་འཕྲིན་ཐུང་།

༊ ཁྱབ་གདལ་ཁྱོན་ཡངས་ཀྱི་འཛིན་མར། །འཚོ་སྐྱོང་སྣ་མང་གི་འཕྲང་ལ། །ཞུམ་མེད་སྟག་སེང་གི་རྩལ་འཁྱོངས། །དྲ་གྲོགས་བློ་ཡངས་ཀྱི་དྲུང་དུ། །ཨར་འདམ་བྲག་རོང་གི་སྐྱིབས་ནས། །རིག་འཛིན་རྒྱུ་སྐར་གྱི་དབང་པོས། །རང་སྣང་མྱོང་ཚོར་གྱི་འཕྲིན་འདི། །སྒོ་གསུམ་གུས་ཕྱག་བཅས་ཞུ་གསོལ། །གར་བཞུགས་འོག་མིན་གྱི་ཞིང་ན། །སུ་བཞུགས་ཀུན་བཟང་གི་མགོན་པོ། །ཅིར་སྣང་འོད་གསལ་གྱི་འཚོ་སྐྱོང། །གདོད་མའི་བདེ་ཐང་རང་ལགས་སམ། །གར་ཡང་སྙིགས་མཐའ་ཡི་མཚམས་འདིར། །དཀའ་སྡུག་ཛ་དྲགས་སུ་འཚུབ་ཀྱང་། །སྒྱུ་མའི་འཕྲུལ་འཁོར་འདི་བསོ་རིང་། །ལེགས་འཚོའི་རེ་བ་ཞིག་ཡོད་དོ། །འདིར་གནས་པད་འབྱུང་གི་གདུང་འཚོབ། །བེམ་རིག་གོག་ཧྲུལ་གྱི་རང་ཡང། །འབྱུང་ལྔའི་ལྷ་མོ་དང་མཛའ་བས། །ལུས་སེམས་བདེ་ཆེན་གྱིས་ཁེངས་ཤིང་། །སྒོ་གསུམ་ཆོས་སྤྱོད་ལ་སྦྱར་བའི། །ཕུང་ཁམས་ཅ་ཟིང་གིས་བྲེལ་ཀྱང་། །ཐུན་བཞི་དབྱེར་མེད་ཀྱི་རྣལ་འབྱོར། །ཚོགས་དྲུག་དབེན་དྲིལ་དུ་མཆིས་ཞུ། །མཚམས་གསོལ༑ དེང་འདིར་སྙན་སྦྲོན་གྱི་ཞུ་དོན། །འགང་ཆེན་གནད་ཆེན་ཞིག་མེད་ཀྱང་། །དུས་ཕྱིའི་མཛངས་རབས་ཀྱི་ལད་མོར། །རང་བབས་གསལ་བརྡ་རུ་བྱས་ཡོད། །བཞི་ཕྱེད་ཡར་ཐལ་གྱི་ལོ་ཟླར། །དྲ་ལམ་རྒྱུན་སྐྱོང་གི་ཐོག་ནས། །རང་ཚོར་སྣ་མང་ཞིག་ཕུལ་བ། །གཟིགས་མོར་སྐུ་དྲིན་རང་ཆེའོ། །ད་ནས་ཕྱི་འབྱུང་གི་ལོ་ཟླར། །མནོག་ཆེན་འགན་འཁྲི་ཞིག་ཐེབས་པས། །སྒེར་སྤྱོད་དུས་ཚིགས་ཀྱི་འཕོངས་ཀྱི། །སྨྲ་བཅད་ནང་བལྟས་ཀྱང་མཁོ་བྱུང་། །མ་མཐའ་སྨྲ་མང་ནི་སྐྱོན་དང་། །རྣམ་གཡེང་རྒྱུ་ཉིད་དུ་འདུག་ཅིང་། །ཟབ་གསང་འཆོལ་ཉེན་ཡང་སྲིད་པས། །ཨ་ཅང་སྨྲ་ཉུང་ཞིག་བརྩོན་དགོས། །ཀྱེ་མ་གངས་ཅན་གྱི་སྐད་རིགས། །ཉམས་ཉེན་ཧ་ཅང་གིས་མཐོ་དུས། །ངེད་ཅག་འབྲི་ཀློག་ལ་བརྩོན་འདིས། །སྲི་ཞུར་ཅུང་ཟད་ནི་བགྲོད་སྲིད། །ཁྱེད་ཀྱང་ཕྱོགས་ལྷུང་གི་བློ་དང་། །ཕྲག་དོག་རང་སྙེམས་ནི་མེད་པར། །བོད་ཡིག་འབྲི་ཀློག་ལ་འབད་དེ། །རིག་གནས་སྲུང་སྐྱོབས་ལ་བརྩོན་ཞིག །ངས་ཀྱང་ཅི་ནུས་ཀྱི་ཟིན་ཐོ། །མཚམས་ཁང་གྲྭ་ཟུར་ནས་འདེབས་ཀྱི། །རིགས་འཐད་ཡིན་བདོག་རེ་བྱུང་ཚེ། །དྲ་འཕྲིན་རྒྱུན་ལམ་ནས་འབུལ་ཡོང་། །དལ་ན་རྫོགས་ཆེན་གྱི་གནད་དགག །ཚན་རིག་དཔྱད་བསྡུར་གྱིས་བཤད་ཀྱི། །ཁོམ་ན་རྒྱན་དབུལ་གྱི་སྙན་ངག །ཨ་ན་མ་ན་ཡང་འབུལ་ཡོང་། །དེ་མིན་ནམ་རྒྱུན་གྱི་ཚིགས་ལ། །རེ་མོས་ཅལ་སྒྲོག་གི་ཁ་བརྡ། །རེ་ཞིག་རྒྱུན་གཏོང་ནི་གཅད་ཀྱི། །གཟིགས་མོས་དགོངས་དག་རང་ཞུའོ། །སླད་ཆར་ཐོས་ཡངས་ཀྱི་མཆེད་ཀུན། །སྒྱུ་ལུས་བདེ་ཐང་གི་ཆབ་ལ། །འཚོ་སྐྱོང་མལ་གྲོ་ཡི་གཞུང་དུ། །རྨི་སེམས་སྐྱིད་རེ་དང་ལྷན་དུ། །སླར་ཡང་དྲ་ཚོམ་དུ་མཇལ་བའི། །འཛུམ་འཛུམ་ལེགས་སྨོན་དང་བཅས་ཏེ། །མེ་རྟ་བཅུ་གཉིས་ཀྱི་བཅོ་ལྔར། །གུས་པའི་ཕྱག་བཅས་ཏེ་ཕུལ་ལོ། ། ། །



SANGPHU YOESEL TRINGYI KEYTSEL, COPYRIGHT © 2026. BAYUL KHOMALUNG, KINGDOM OF HIMALAYA.